༢༠༡༤ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཀ་སྦུག་གཏན་སློབ་དང་། ར་ཝང་ལ་གཏན་སློབ། སྒང་ཏོག་བཅས་ཀྱི་ཤེས་ཡོན་སྡེ་ཁག་ལ་འཚམས་གཟིགས་གྲུབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པའི་ཐོག་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་འབྱོར་སྐབས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་གི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག བཀའ་བློན་མཆོག་གིས་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་གཉིས་པ་བར་ཤེས་ཡོན་སྡེ་ཚན་ཁག་ལ་གཟིགས་སྐོར་དང་འབྲེལ་དགེ་ལས་སློབ་ཕྲུག་གིས་གཙོས་ཕ་མའི་ལྷན་ཚོགས་རྣམས་ལ་གསུང་བཤད་གནང་དོན། དེ་རིང་འདི་གར་འདུས་པའི་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་འདི་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཡུལ་གྱི་གཞི་རིམ་སློབ་གྲྭ་ཞིག་ཆགས་ཡོད། ཤེས་ཡོན་སྲིད་བྱུས་ནང་བསམ་བློའི་རང་དབང་སྐོར་བཤད་ཡོད། སློབ་ཕྲུག་ཚོར་དྲི་བ་དྲིས་སྐབས་འཚེར་སྣང་མེད་པའི་ཐོག་ལན་འདེབས་བྱེད་ཀྱི་འདུག་པས། བསམ་བློའི་རང་དབང་ཤུགས་ཆེན་པོ་ཡོད་པ་མཚོན་ཐུབ། དེ་བཞིན་སློབ་ཕྲུག་གི་ཡིག་གཟུགས་དང་། ཉིན་ཐོ། རྩོམ་ཐུང་སོགས་ལ་ལྟ་སྐབས་ཧ་ལས་པའི་ཡག་པོ་འདུག
ད་ལྟ་བོད་ཡིག་གིས་གཙོས་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་པ་འདི་མུ་མཐུད་རྒྱུན་སྲིང་སྟེ། འདི་ནས་སློབ་ཁོངས་གཞན་གྱི་འཛིན་རིམ་དྲུག་པ་དང་བདུན་པར་འཕོ་འགྱུར་སྐབས་ཀྱང་། གང་ཤེས་པ་དེ་བརྗེད་དུ་མ་བཅུག་པར་སྲ་བརྟན་དང་ཇེ་བཟང་དུ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ལྟ་ཤེས་རིག་ལས་ཁུངས་ནས་དམིགས་བསལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཡུལ་དཔེ་སྟོན་སློབ་གྲྭ་ལྟར། སློབ་གྲྭ་གཞན་ཁག་ལའང་དགོས་དམིགས་ཤིག་ཟིན་ཡོད། གང་ཡིན་ཞེ་ན། འདི་ནས་ཁྱེད་ཚོས་དཀའ་ལས་བརྒྱབ་རྗེས་སློབ་ཁོངས་གཞན་དུ་བསླེབ་ཚེ་རྣམ་པ་གཞན་ཞིག་ཆགས་ན། དཀའ་ལས་བརྒྱབ་པའི་དགོས་དོན་མ་བསྒྲུབ་པ་རེད། ཤེས་ཡོན་སྲིད་བྱུས་ལ་རྩ་བའི་འགྲེལ་བཤད་རྒྱས་པ་ཡོད་ཀྱང་། མདོར་བསྡུས་ན་རང་གི་སྐད་ཡིག་གཙོ་བོ་གྱུར་བའི་བོད་མིའི་དགོས་མཁོ་དང་། ཡ་རབས་བཟང་སྤྱོད། རིག་གཞུང་སྲུང་སྐྱོབ་རྣམས་གཞི་རྩར་བཞག་ཐོག་དེང་དུས་རིག་གསར་ཤེས་ཡོན་གྱི་མཁྱེན་རྒྱ་ཡོད་པའི་འདབ་གཤོག་གཉིས་ལྡན་ཞིག་བྱེད་དགོས་པ་དེ་ཡིན། དེ་ལྟར་སློབ་སྦྱོང་ཚད་མཐོན་པོ་ཞིག་བྱུང་ན་སྤྱི་པ་དང་། རང་ཉིད་ཀྱི་འཚོ་གནས། ཕ་མར་རོགས་རམ། རྒྱ་ཆེ་ས་ནས་མི་རིགས་ལ་ཕན་ཐོགས་ཐུབ། མདོར་ན་སྒྲིག་ལམ་དང་། ཀུན་སྤྱོད། སློབ་སྦྱོང་། གཙང་སྦྲ་དེ་བཞི་ནི་ཤིན་ཏུ་གལ་ཆེ་ཤོས་ཡིན། སློབ་ཕྲུག་ཆུང་བ་ཚོས་འཛིན་གྲྭ་གོང་མའི་བྱ་སྤྱོད་ལ་མིག་དཔེ་ལྟ་བཞིན་ཡོད་པར་བརྟེན་འཛིན་གྲྭ་གོང་མ་ཚོས་སློབ་སྦྱོང་དང་བྱ་སྤྱོད་གཉིས་ཐད་ནས་འཛིན་གྲྭ་འོག་མ་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་།
མཐར་དགེ་ལས་ཚོ་དང་ཟུར་དུ་ཐུག་འཕྲད་ཀྱིས་ལམ་སྟོན་དང་། ཤེས་ཡོན། བདེ་སྡུག་གི་ཐད་སོ་སོར་དྲི་བ་དྲིས་ལན་སོགས་ལེགས་པར་གྲུབ་སྟེ ཉིན་རྒྱབ་རྡོ་རྗེ་གླིང་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༣ དང་ ༡༤ ཉིན་རྡོར་གླིང་གཏན་སློབ་དང་སོ་ནཱ་ངྷ་གཏན་སློབ་གཉིས་ལ་གཟིགས་སྐོར་གྲུབ་མཚམས་བཞུགས་སྒར་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།