༢༠༡༤ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ ༡༥ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རཱག་(Prague) ཏུ་ ༢༠༠༠ གླེང་སྟེགས་(Forum 2000) ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་ ༡༨ པའི་ནང་མཉམ་ཞུགས་གནང་གཏན་འཁེལ་ཡོད། དེ་ཡང་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་འདྲ་མིན་ནས་ཆབ་སྲིད་དང་། ཤེས་ཡོན། གསར་འགྱུར་བརྒྱུད་ལམ། ཚོང་ལས། ཆོས་ཕྱོགས་བཅས་ལས་རིགས་འདྲ་མིན་ཐོག་གི་དབུ་ཁྲིད་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་རྒྱུ་ཡིན་འདུག འདི་ལོའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི། དེ་སྔ་ལྕགས་ཀྱི་ཁྲ་ཡོལ། Iron Curtain ཞེས་པའི་དུས་སྐབས་དང་། གནམ་བདེ་སྒོར་མོའི་དོན་རྐྱེན་ Tiananmen བྱུང་ནས་ལོ་ངོ་ ༢༥ སོང་རྗེས་མང་གཙོའི་ལམ་ལུགས་དང་དེའི་ཞན་ཆ། ”Democracy and Its Discontents: A Quarter-Century After the Iron Curtain and Tiananmen’ཞེས་པ་ཡིན་འདུག དེར་བརྟེན་ལྷན་ཚོགས་འདི་བརྒྱུད་ནས་འདས་པའི་མི་ལོ་ ༢༠།༣༠ རིང་མང་གཙོའི་འཕེལ་རིམ་དང་ད་ལྟའི་གནས་བབ། མ་འོངས་པའི་གོ་སྐབས་སྐོར་སོགས་གནད་དོན་མང་དག་ཅིག་ཐོག་དྲན་བསྐུལ་དང་བློ་སྐྱེད། འཆར་སྣང་སོགས་ཐོག་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་འདུག ལྷན་ཚོགས་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གི་བཟང་སྤྱོད་ལ་གཞི་བཅོལ་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ཀྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་བཞིན་སྐབས་དེར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ཀལ་གར་ཤི་མན་Carl Gershman ལགས་ཀྱིས་གཙོས་བྷེ་ལ་རུ་སུ་དང་། ཁུ་བྷ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་རིའི་གཞུང་ཚབ་པ་མཆོག སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་ཡང་ ༢༠༠༠ གླེང་སྟེགས། ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༡༩༩༦ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝལ་ Václav Havel མཆོག་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧི་ས་ས་ཀ་བ་ Yohei Sasakawa ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨེ་ལི་ཝེ་སེལ་ Elie Wiesel ལགས་བཅས་ཐུན་མོང་གིས་དབུ་འཛུགས་གནང་བ་ཞིག་ཡིན་འདུག ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝལ་མཆོག་ཁོང་གིས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ། སྤྱི་ཚོགས་ཀྱི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུ། ཆོས་ལུགས་དང་མི་རིགས། རིག་གཞུང་འདྲ་མིན་ཕན་ཚུན་འཆམ་མཐུན་དང་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་བྱས་རྗེས་རྒྱུན་སྐྱོང་གནང་རྒྱུ་བཅས་ཡིན་འདུག