༢༠༡༤ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ཚེས་ ༩ བཅས་ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་འགན་འཛིན་དྲུང་གཞོན་མི་འགྱུར་གཡུ་སྒྲོན་ལགས་དང་ལས་རོགས་བསྟན་འཛིན་ཚེ་རིང་ལགས་གཉིས་ཀྱིས་ལས་འཆར་བཀོད་སྒྲིག་ལྟར། རྒྱ་གར་བྱང་ཕྱོགས་ཅོན་ཏ་ར་བོད་མིའི་ས་གནས་ལས་ཁུངས་དང་འབྲེལ་བ་གནང་སྟེ། སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་སློབ་ཕྲུག་གཙོ་བོར་གྱུར་བའི་མང་ཚོགས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཆེད་ཟབ་སྦྱོང་ཉིན་བཞིའི་རིང་གོ་སྒྲིག་གནང་འདུག
དེ་ཡང་ཉིན་བཞིའི་རིང་གི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། དབུ་མའི་ལམ་གྱི་བྱུང་རིམ་དང་ངོ་བོ། ཐབས་ལམ་སྐོར་གོ་རྟོགས་རྒྱ་སྐྱེད་བཏང་སྟེ། བོད་དོན་འཐབ་རྩོད་མདུན་སྐྱོད་ཇི་ལྟར་དགོས་མིན་སོགས་ལམ་སྟོན་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་དེ་ཡང་སྲོལ་རྒྱུན་ལྟར། མིན་པར་གསར་གཏོད་རིམ་པའི་ལམ་ནས་མང་ཚོགས་ཀྱི་དབུ་མའི་ལམ་གྱི་སྐོར་རྒྱུས་མངའ་ཇི་ཙམ་ཡོད་མེད་རྟོགས་ཐབས་བྱ་རྒྱུ་དང་། རང་གི་གང་ཤེས་པ་དེ་གཞན་ལ་འགྲེལ་བཤད་ཇི་ལྟར་གནང་སྟངས་སྐོར་གྱི་གོ་རྟོགས་སྤེལ་ཡོད། གཞན་ཡང་ཟབ་སྦྱོང་སྐབས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་སྦིར་བོད་ཚོགས་དང་འཕྲོད་བསྟེན་ཡན་ལག་སྨན་ཁང་གི་སྨན་ཞབས་པ། དེ་བཞིན་ཅོན་ཏ་ར་ས་གནས་འགོ་འཛིན་གྱིས་གཙོས་ལས་བྱེད་དང་མང་ཚོགས། སུ་ཇ་བོད་ཁྱིམ་སློབ་ཕྲུག སམ་བྷོ་ཊའི་སློབ་ཕྲུག ཅོན་ཏ་ར་གཏན་སློབ་བཅས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་བྱུང་རབས་དང་བོད་རྒྱ་འབྲེལ་ལམ་ཐོག་མདུན་སྐྱོད་མཛད་ཐབས། རྒྱལ་སྤྱི་དང་ལྷག་པར་རྒྱ་རིགས་ཤེས་ཡོན་མི་སྣ་དང་སློབ་ཕྲུག དེ་བཞིན་མང་ཚོགས་སོགས་ཀྱི་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། ཟབ་སྦྱོང་གྲུབ་རྗེས་མང་ཚོགས་ཀྱི་དྲི་བར་གསལ་བཤད་དང་ལན་འདེབས་གནང་སྟེ། ཐེངས་འདིའི་དབུ་མའི་ལམ་གྱི་ཟབ་སྦྱོང་ལེགས་པར་གྲུབ་འདུག