༢༠༡༤ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །སྐབས་བཅུ་བཞི་པའི་བཀའ་ཤག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་ཕྱི་ལོ་ ༢༠༡༤ ལོ་ཧྲིལ་པོའི་རིང་རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་འདྲ་མིན་ནང་༸གོང་ས་མཆོག་གི་སྐུའི་མཛད་ཁུར་གཙོ་བོ་གསུམ་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་ལས་འགུལ་འདྲ་མིན་སྤེལ་འགོ་བཙུགས་པའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ཟླ་ ༡༡ ཚེས་ ༥ བར་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དང་རཱཇ་པུར། བོད་ཁྱིམ་སློབ་གྲྭ སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ པོན་ཊ་ས་ཧེབ། ཧར་བྷ་པུར་གཏན་སློབ། མ་སུ་རི་བོད་ཁྱིམ་སློབ་གྲྭ དེ་བཞིན་ན་ནི་ཏལ་བཅས་ཀྱི་ནང་སྐོར་བསྐྱོད་ཀྱི་པར་རིགས་འགྲེམས་སྟོན་འགོ་འཛུགས་གནང་འདུག
ཐེངས་འདིར་པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་གསུམ་ལ་དབྱེ་ཡོད་པའི་དང་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་སྐོར་དང་། གཉིས་པ། བཙན་བྱོལ་ནང་གི་འགྲུལ་བཞུད། གསུམ་པ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན། ཞེས་པའི་དེང་སྐབས་ཛ་དྲག་གི་དྲི་བ་གལ་ཆེན་པོ་ཆགས་ཡོད་པའི་ཐོག་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
དེ་ཡང་པར་རིགས་འགྲེམས་སྟོན་ཐོག་མར་ཕྱི་ཚེས་ ༡༢ ནས་ཉིན་གཉིས་རིང་བདེ་སྐྱིད་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་རྒྱུས་མཚོན། རིམ་བཞིན་གོང་བརྗོད་ས་གནས་ཁག་ཏུ་སྐོར་བསྐྱོད་གནང་འཆར་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་གཅིག་ཀྱང་སྟོན་རྒྱུ་ཡིན་འདུག