༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༨ ཉིན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ་ཀོན་ཊོ་ཨོ་ཊོ་གྷ་རབ་ལམ་བྷོ་སི་ཌོ་ཕོ་ (Count Otto Graf Lambsdorff) མཆོག་དགོངས་པ་རྫོགས་པར་དམ་པ་དེ་ཉིད་ཀྱི་ལྕམ་སྐུ་ (Countess Lambsdorff) མཆོག་ལ་གདུང་སེམས་མཉམ་སྐྱེ་ཀྱི་འཚམས་འཕྲིན་ཞིག་ཕུལ་ཡོད། སྐུ་ཞབས་དམ་པ་ (Count Otto Graf Lambsdorff) མཆོག་ནི་ཇར་མན་གྱི་སྲིད་དོན་མི་སྣ་གྲགས་ཅན་ཞིག་ཡིན། ཁོང་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཇར་མན་གྲོང་ཁྱེར་བྷོན་གྱི་སྨན་ཁང་ཞིག་ཏུ་དགུང་ལོ་ ༨༢ ཐོག་དགོངས་པ་རྫོགས་ཡོད།དེ་ཡང་བཀའ་ཤག་གི་མྱ་ངན་འཚམས་འཕྲིན་ནང་འཁོད་དོན།
མཁྱེན་ཡངས་ལྕམ་སྐུ་ (Countess Lambsdorff) མཆོག་ལ།ངོས་ཀྱིས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ་ཀོན་ཊོ་ཨོ་ཊོ་གྷ་རབ་ལམ་བྷོ་སི་ཌོ་ཕོ་ (Count Otto Graf Lambsdorff) མཆོག་དགོངས་པ་རྫོགས་པར་མྱ་ངན་གྱི་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་བ་དེ་ནི་ང་ཚོ་བོད་མི་ཚོར་ལྷག་བསམ་གཡོ་མེད་ཐོག་ནས་བོད་ཀྱི་དྲང་བདེན་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཞིག་བརླག་པ་རེད། ང་ཚོ་བོད་མི་ཚང་མས་ལྕམ་སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མི་ལྷན་རྒྱས་ལ་དུས་ཚོད་གཉན་འཕྲང་གི་སྐབས་འདིར་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་བཟའ་ཟླ་ཡག་པོ་ཞིག་མེད་པར་གྱུར་བ་དང་། ཇར་མན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡག་པོ་ཞིག་དང་། དེ་བཞིན་ང་ཚོ་བོད་མི་ཚོའི་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར་བ་རེད། དམ་པ་དེ་ཉིད་ཀྱི་དབུ་ཁྲིད་པའི་ (Friedrich-Naumann Stiftung) ཐེབས་རྩའི་རོགས་སྐྱོར་ལ་བརྟེན་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་ ༡༩༩༦ ལོར་ཇར་མན་གྲོང་ཁྱེར་བྷོན་དང་། ཕྱི་ལོ་ ༢༠༠༠ ལོར་གྲོང་ཁྱེར་བྷར་ལེན། ཕྱི་ལོ་ ༢༠༠༣ ལོར་ཅེཀ་ཀྱི་རྒྱལ་ས་པ་རག་ནང་དང་། ཕྱི་ལོ་ ༢༠༠༧ ལོར་སྦེེལ་ཇམ་གྱི་གྲོང་ཁྱེར་བྷ་ར་སེལ་བཅས་ས་གནས་སོ་སོའི་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། ང་ཚོས་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ཞེས་པའི་ཚོགས་པ་དེ་འཛུགས་རྒྱུར་ (Friedrich-Naumann Foundation) ཞེས་པའི་ཐེབས་རྩ་ནས་དཔལ་འབྱོར་གྱི་མཐུན་འགྱུར་ཤུགས་ཆེ་དང་རྒྱབ་སྐྱོར་ཚགས་ཚུད་གནང་ཐོག་བཙུགས་ཐུབ་པ་བྱུང་ཡོད། རོགས་སྐྱོར་དེ་དག་ལ་བརྟེན་ནས་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་གནད་དོན་དེ་གསལ་བཏོན་དང་། སྔར་མེད་དྲིལ་བསྒྲགས་ཤུགས་ཆེ་ཞིག་བྱེད་ཐུབ་པ་བྱུང་ཡོད་པར་བརྟེན་ང་ཚོ་བོད་མི་ཚོས་ལྕམ་སྐུ་ཉིད་ཀྱི་སྐུ་ཟླ་དམ་པར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཅེས་འཁོད་ཡོད།
སྐུ་ཞབས་ཀོན་ཊོ་ཨོ་ཊོ་ལམ་བྷོ་སི་ཌོ་ཕོ་མཆོག་ནི་ཕྱི་ལོ་ ༡༩༧༧ ནས་༡༩༨༢ བར་ཇར་མན་གྱི་དཔལ་འབྱོར་བློན་ཆེན་གནང་ཡོད་པ་མ་ཟད། སླར་ཡང་ཕྱི་ལོ་ ༡༩༨༢ ནས་ ༡༩༨༤ བར་ལས་ཁུར་མུ་མཐུད་ཞུས་ཡོད་པ་བཅས།