༢༠༡༤ ཟླ་ ༡༠ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ ༩ བར་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་ འབྲེལ་ཉིན་གསུམ་པ་སྟེ། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ལ་སེར་བྱེས་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་འཕྲིན་ལས་འཕགས་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་སེམས་པའི་ཕན་ཡོན་དང་འབྲེལ་བཀའ་སློབ་སྩལ་དོན། ང་ཚོ་འགྲོ་བ་མི་ཚང་མ་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཆགས་ཡོད་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པ་ཞིག་ཡིན་ཕྱིན་ཆད་ལ། བརྩེ་བའི་བསམ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
མདོར་ན། གཞན་ཕན་གྱི་བསམ་བློ་ནི་འགྲོ་བ་ཀུན་ལ་མཁོ་བ་ཞིག་ཆགས་ཀྱི་ཡོད། སེམས་ཅན་དུད་འགྲོར་མི་དང་འདྲ་བའི་རྣམ་དཔྱོད་དང་བསམ་བློ་མེད། ང་ཚོ་མི་ལ་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཅིག་ཡོད། དེར་བརྟེན་འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཞིག་ཡོད། དེ་དག་གིས་བརྩེ་བའི་བསམ་པར་ཡོན་ཏན་དང་དགེ་མཚན་མཐོང་སྟེ། དེའི་དགེ་མཚན་དང་ཡོན་ཏན་བསྒྲུབ་རྒྱུ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སོགས་ཀྱིས་གསུངས་པ་རེད། ཅེས་པའི་སྐད་ཆ་མིན་པར། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ནས་ངེས་ཤེས་རྙེད་པ་དགོས་རྒྱུ་གལ་ཆེན་པོ་རེད། ངོས་ཀྱིས་རྒྱུན་དུ་ (Secular ethics) ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད། ཅེས་རྗོད་བཞིན་ཡོད། ཆོས་དད་ཡོད་རུང་མེད་རུང་གང་ལྟར་རང་གཅེས་པ་ཞིག་དང་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པ་ཞིག་ན། ཕན་པའི་བསམ་བློ་ནི་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད། ང་ཚོ་འདི་གར་འདུས་པའི་མི་ཚང་མ་འཛམ་གླིང་འདིའི་ནང་ཡོད་པའི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད། དེར་བརྟེན་གང་ཐུབ་ཅི་ཐུབ་ཀྱིས་གཞན་ཕན་གྱི་བློ་སྦྱང་ན། འཛམ་གླིང་འདིར་གཞན་ཕན་གྱི་བསམ་བློ་ཕྲན་བུ་ཞིག་ལས་གཏོང་མི་ཐུབ་ཀྱང་ཕན་ཐོགས་ཡོང་གི་རེད། ངོས་རང་མི་གཞན་དང་ཐུག་སྟེ་སྐད་ཆ་ཤོད་སྐབས། ག་དུས་ཡིན་རུང་ངོས་རང་མི་དུང་ཕྱུར་བཅུན་ཅུའི་ནང་ནས་གཅིག་བསམས་པ་མ་གཏོགས། ངོས་རང་ནང་པ་དང་བོད་པ། ལྷག་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཡིན་བསམས་པའི་བསམ་བློ་ནམ་ཡང་གཏོང་གི་མེད། ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་པའི་ཐོག་ནས་ཐུག་འཕྲད་བྱས་ཏེ། སྐད་ཆ་ཤོད་བཞིན་ཡོད་པར་བརྟེན་ཕན་ཐོགས་ཡོང་གི་འདུག ཅེས་བཀའ་སློབ་དང་ཆོས་འབྲེལ་འཕྲོ་སྐྱོང་ནས་མུ་མཐུད་དབུ་འཛུགས་འདུག