༢༠༡༤ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྡོར་གླིང་དབུས་བོད་མིའི་གཏན་སློབ་ཀྱི་ཚོགས་ཁང་ནང་རྡོར་གླིང་ཁ་འཐོར་མི་མང་དང་སློབ་ཕྲུག་ཁྱོན་མི་གྲངས་ ༥༠༠ བརྒལ་བར་གསུང་བཤད་གནང་དོན། དེ་རིང་འདི་གར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཐོག་མར་ངས་སྐབས་ ༡༤ པའི་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྔ་མོ་སློབ་གྲྭ་འདིའི་གནས་སྟངས་ཧ་ཅང་སྐྱོ་པོ་རེད། ད་ལྟའི་ཆར་སློབ་གྲྭའི་གནས་སྟངས་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་འདུག འོན་ཀྱང་ཤེས་ཡོན་ཐོག་ཡར་རྒྱས་དེ་ཙམ་ཕྱིན་མེད་པའི་རྣམ་པ་མངོན་གྱི་འདུག དེར་བརྟེན་སློབ་སྦྱོང་ཐོག་སྔར་ལྷག་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། སྐབས་ ༡༤ པའི་བཀའ་ཤག་གིས་ཤེས་ཡོན་གལ་ཆེར་འཛིན་ཏེ། བོད་པའི་སྤྱི་ཚོགས་ཁྲོད་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཆེད་འབད་བརྩོན་རབ་དང་རིམ་པ་གནང་གི་ཡོད།
དེ་བཞིན་ང་ཚོའི་མི་རབས་རྒན་པ་ཚོས་བོད་བསྟན་སྲིད་སླད་སྐུ་ལས་ཚད་མེད་བསྐྱོན་པའི་འབྲས་བུར་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བོད་མིའི་གཞིས་ཆགས་དང་སྨན་ཁང། སློབ་གྲྭ། དགོན་སྡེ་ཁག་སྤྱི་ཡོངས་ཆ་ནས་ཧྲ་ཏག་ཏག་ཐོག་གནས་ཐུབ་པ་བྱུང་ཡོད། དེར་བརྟེན་ཁོང་རྣམ་པའི་བཀའ་དྲིན་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། ང་རང་མི་རབས་གཞོན་པ་ཞིག་ཡིན་པའི་ཆ་ནས། གཞིས་ཆགས་ཁག་ཏུ་སླེབས་སྐབས། རྒས་གསོ་ཁང་དུ་ཕྱིན་ནས་རྒས་འཁོགས་ཚོ་ཐུག་སྟེ། ཁོང་ཚོའི་གནས་སྟངས་གང་འདྲ་རེད་འདུག་ལྟ་བཞིན་ཡོད། ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་ཁོང་རྣམ་པ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་སྐྲུན་བཞིན་ཡོད། ཕྱོགས་མཚུངས་རྒྱ་ནག་ལ་མི་འབོར་ས་ཡ་ཆིག་སྟོང་ཉིས་བརྒྱ་ཡོད་པ་དང། ང་ཚོ་བོད་མི་ས་ཡ་དྲུག་ཡོད་ཁོངས་ནས་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལས་མེད། བོད་ནང་གི་བོད་མིས་བོད་བསྟན་སྲིད་ཆེད་རང་སྲོག་ཚུན་ཆད་བློས་གཏོང་གནང་གི་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ཁོང་རྣམ་པའི་འབོད་སྒྲ་དང་མངོན་འདོད་བསྒྲུབ་རྒྱུའི་འགན་འཁྲི་ཡོད་སྟབས། ང་ཚོ་བོད་མི་རྡོག་རྩ་ཆིག་སྒྲིལ་གྱིས་ཤེས་ཡོན་ཐོག་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མདོར་ན། བོད་བསྟན་སྲིད་ཆེད་བོད་ནང་གི་བོད་མི་ ༡༣༢ ནས་རང་ལུས་མེར་སྲེག་བཏང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་རྡོར་གླིང་ས་གནས་འགོ་འཛིན་གྱིས་ས་གནས་ཀྱི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་ཡོད་པ་མ་ཟད། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱིས་སློབ་གྲྭའི་གནས་སྟངས་སྐོར་གསུང་བཤད་གནང་ཡོད་འདུག