ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་ཚེས་དང་འབྲེལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩིའི་མཛད་སྒོར་མགོན་པ་གང་ཉིད་མཆོག་གིས་དེར་འདུས་མི་དམངས་སྟོང་ཚོ་བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་འདིར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། ལོ་མང་རིང་ནས་ངོ་ཤེས་གྲོགས་པོ་བློ་འཁེལ་བ་དང་བདེན་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཁོང་རྣམ་པ་གཉིས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མཁན་རྣམ་པ། སེར་སྐྱ་མི་དམངས། མཆེད་གྲོགས་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་གཙོ་བོ་གཱན་དྷིའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་མཛད་སྒོ་གྲ་སྒྲིག་གནང་བ་རེད། ངོས་ལ་དེ་ཙམ་ཞུ་རྒྱུ་གང་ཡང་མེད། ང་ཚོས་དྲན་གསོ་བྱེད་རྒྱུ་དེ་མཛད་རྗེས་ཆེན་པོ་ཡོད་པའི་རླབས་ཆེན་གྱི་མི་དེ་ཁོ་ན་དྲན་གསོ་བྱས་པ་ཙམ་གྱིས་ཕན་རྒྱུ་གང་ཡང་མེད། བདག་ཉིད་ཆེན་པོ་གཱན་དྷིས་མཚོན་སྐྱེས་བུ་དམ་པ་མང་པོ་ཞིག་འདས་ཟིན་པ་རེད། ང་ཚོས་དྲན་གསོ་བྱས་ནས་ཁོང་ཚོ་བསྐྱར་དུ་གསོ་རྒྱུ་མེད། དེར་བརྟེན་གང་ཞིག་བྱེད་དགོས་ཀྱི་རེད་བརྗོད་ན། ཁོང་རྣམ་པས་ང་ཚོར་དམིགས་དཔེ་དང་ལམ་སྟོན་གནང་བ་དེ་དག་གིས་མི་སྒེར་ལ་ཕན་ཐོགས་གང་འདུག ལམ་སྟོན་གནང་བ་དེའི་ཐོག་ཕྱིན་ན་གྱོང་ག་རེ་འདུག དགེ་དང་སྐྱོན་གྱི་ཕན་གནོད་གང་ཡོད་པ་དེར་བསམ་བློ་བཏང་སྟེ། གཱན་དྷིས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱ་གར་གྱི་རང་དབང་འཐབ་རྩོད་གནང་བ་རེད།
སྤྱིར་བཏང་གཱན་དྷི་ནི་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་མཁས་པའི་དབང་པོ་ཞིག་ཆགས་ཡོད། འོན་ཀྱང་ཁོང་གིས་ཉིན་རེའི་འཚོ་བ་རྒྱ་གར་གྱི་མི་མང་དཀྱུས་མ་བཞིན་བསྐྱལ་བ་དེས་གང་ལྟར་ང་ཚོར་ལམ་སྟོན་ཞིག་ཆགས་ཀྱི་ཡོད། ང་ཚོ་གང་ཙམ་མིང་གྲགས་ཡོད་པ་དང་། གྲ་སྒྲིག་པོ་བྱུང་ན་ང་རྒྱལ་དང་། སྤོབས་པ། ཀྲོག་ཀྲོག་བྱེད་རྒྱུ་ཡོང་གི་འདུག འདི་ནི་རང་ཉིད་རང་གིས་ཞབས་འདྲེན་ཞུ་རྒྱུ་ལྟ་བུ་རེད། ཇི་ཙམ་གཞན་གྱིས་བསྔགས་བརྗོད་དང་བཀུར་ན། རང་ཉིད་ཀྱིས་དམའ་ས་བཟུང་ནས་འགྲོ་དགོས་རྒྱུ་གལ་ཆེན་པོ་རེད། བདག་ཉིད་ཆེན་པོ་གཱན་དྷི་ལ་མི་ས་ཡ་བྱེ་བ་མང་པོས་གུས་འདུད་དང་བསྟོད་བསྔགས་ཞུ་ཡི་ཡོད། ཁོང་གི་གཤིས་ཀ་དང་མི་ཚེ་སྐྱེལ་སྟངས་དཀྱུས་མ་ལྟར་བཞུགས་པ་དང་། མཐར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ་ཆབ་སྲིད་ཀྱི་འགན་མ་བཞེས་པར་བཞུགས་པ་རེད། ཁོང་གིས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་དགོས་རྒྱུ་བརྗོད་པ་དེ། དེང་སྐབས་འཛམ་གླིང་གི་དུས་ཚོད་འདིའི་སྟེང་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད། གཅིག་བྱས་ན་སྔ་མོ་རྒྱ་གར་རང་དབང་འཐབ་རྩོད་བྱེད་སྐབས། འཚེ་བ་མེད་པའི་ལམ་ལ་ཕེབས་རྒྱུ་དེ་རིགས་ཁ་ཤས་ཀྱི་གཱན་དྷིར་ནུས་པ་མེད་པ་དང་། ཉམ་ཆུང་དྲགས་པ་ལྟ་བུ་ཏན་ཏན་མཐོང་སྲིད་ཀྱི་རེད།
དེང་སྐབས་རིམ་བཞིན་འཛམ་གླིང་འདིའི་སྟེང་གཱན་དྷིའི་འཚེ་བ་མེད་པའི་ལམ་ལ་དམིགས་བསལ་དོ་སྣང་གསར་པ་བསླེབས་ཏེ། དཔེར་ན། ནེལ་སོན་མཱན་ཌེ་ལ་ (Nelson Mandela, Martin Luthar King ) གཱན་དྷིའི་རྗེས་སུ་འབྲང་ནས་ཕེབས་ཀྱི་ཡོད། ངོས་ཀྱི་ Martin Luthar King དངོས་སུ་མཇལ་རྒྱུ་བྱུང་མེད། འོན་ཀྱང་ཁོང་གི་ བཟའ་ཟླ་དང་ཕྲུ་གུ་མཇལ་རྒྱུའི་གོ་སྐབས་བྱུང་། ཁོང་གི་བཟའ་ཟླས་ངོས་ལ་གསུང་གི་འདུག གཱན་དྷིར་མར་ཊིན་ལུ་ཐར་ཀིང་ཡིད་དབང་ཧ་ཅང་ཕྲོགས་ཏེ། སྐབས་ཤིག་ལ་ཁོང་གི་གོས་ཀྱང་གཱན་དྷིའི་གྱོན་གོས་བཞིན་གྱོན་དགོས་མིན་ནམ་གསུངས་ཀྱི་ཡོད། ཅེས་མར་ཊིན་ལུ་ཐར་ཀིང་གི་བཟའ་ཟླས་ངོས་ལ་གསུངས་བྱུང་། དེར་བརྟེན་ངོས་ཀྱི་བསམ་བློའི་ནང་གལ་ཏེ་མར་ཊིན་ལུ་ཐར་ཀིང་གིས་གཱན་དྷི་ལྟར་རས་གོས་བཞེས་ཏེ་དམར་ཧྲེང་ལྟ་བུ་བཞུགས་ཚེ་འདྲ་ཆགས་པོ་ཨེ་ཡོད་ན་བསམ་པ་ངོས་ཀྱིས་དྲན་མྱོང་།
འཛམ་གླིང་ཕྱི་རོལ་ལ་དོ་སྣང་བྱེད་མཁན་མང་དུ་ཕྱིན་ནས་འདི་ལྟར་བྱུང་བ་རེད། དེང་སྐབས་འཚེ་བ་མེད་པའི་སྐོར་འཛམ་གླིང་གང་སར་བཤད་རྒྱུ་ཡོང་གི་ཡོད། དེར་བརྟེན་གཱན་དྷིའི་རྗེས་དྲན་བྱེད་སྟངས་ཡང་དག་པ་དེ་ང་རང་ཚོ་ཉིན་རེའི་འཚོ་བའི་ནང་གཱན་དྷིའི་བྱེད་སྟངས་དེ་ལག་ལེན་བསྟར་ནས་ཕྱིན་ན། དངོས་གནས་སོ་སོ་སེམས་སྐྱིད་པ་ཡོང་གི་རེད། ཇི་ཙམ་འདོད་ཆུང་ཆོག་ཤེས་དང་ཉམ་ཆུང་བྱས་ན། རེ་དོགས་ལུ་གུ་རྒྱུད་བཅིངས་པ་དེ་ཉུང་དུ་འགྲོ་གི་རེད། སོ་སོའི་མིང་གྲགས་དང་། རྒྱུ་ནོར་ལོངས་སྤྱོད་ཁོ་ནར་བསམ་བློ་བཏང་ན། སེམས་ནང་དངངས་སྐྲག་དང་རེ་དོགས་མང་བ་ཡོང་གི་རེད། རེ་དོགས་ཇི་ཙམ་མང་བ་དེའི་ཚོད་ཀྱིས་སེམས་མ་སྐྱིད་པ་ཆེ་བ་ཡོད། དེར་བརྟེན་དབུགས་རིང་བཏང་ནས་སེམས་ཁྲལ་རྫོགས་རྒྱུ་མེད། ངོས་ཀྱི་ངོ་ཤེས་མི་མང་པོ་ཡོད། ཚེ་འདི་དཔལ་འབྱོར་ལོངས་སྤྱོད་མཐུན་རྐྱེན་འཛོམས་པོ་ཧ་ཅང་ཡོད་ནའང་། སེམས་སྐྱིད་པོ་མི་འདུག ངོས་ཀྱི་ངོ་ཤེས་ཁ་ཆེ་དང་། ཡི་ཤུ། ཧིན་རྡུའི་ཆོས་པ་ཡོད། འདོད་ཆུང་ཆོག་ཤེས་བྱས་ནས་སྤྱི་སེམས་འཁུར་ཏེ་སྤྱི་ཕན་ཞབས་འདེགས་སྒྲུབ་མཁན་རིགས་དེ་གདོང་དང་མིག་ལྟ་སྟངས་རང་བཞིན་གྱིས་སེམས་བག་ཕེབས་ཡོད་པ་མ་ཟད། སྙིང་སྟོབས་ཀྱང་ཡོང་གི་ཡོད། ངོས་ལ་ཆ་བཞག་ན་གཱན་དྷིར་དུས་རྟག་ཏུ་བསྔགས་བརྗོད་ཞུ་བཞིན་ཡོད། ངོས་ཀྱི་གྲྭ་ཆས་ཕུད་ནས་གཱན་དྷིའི་གོས་གྱོན་ཤེས་ཀྱི་མ་རེད། གྱོན་པ་ཡིན་ནའང་འཁྱག་ངེས་རེད། གཱན་དྷིའི་ལྟ་སྤྱོད་དངོས་འབྲེལ་མིག་དཔེ་འོས་པ་ཞིག་རེད་འདུག དེ་བཞིན་ལཱལ་བྷ་དུར་ཤ་སྟྲི་ (Lal Bahdur Shastri) ངོས་ཀྱི་ཧ་ཅང་གྲོགས་པོ་ངོ་ཤེས་ཡིན། ངོས་ཀྱི་རྨི་ལམ་ནང་གཱན་དྷི་མཇལ་བ་མ་གཏོགས་དངོས་སུ་མཇལ་མྱོང་མེད། ངོས་རང་ལྷ་སར་ཡོད་སྐབས་གཱན་དྷི་རྨིའི་ལམ་ནང་བཏང་མྱོང་། རྨི་ལམ་ནང་ཐུག་པའི་གཱན་དྷི་དང་གཱན་དྷི་ངོ་མ་གཉིས་འདྲ་གི་མི་འདུག དེར་བརྟེན་རྨི་ལམ་ནི་འཁྲུལ་བ་རེད་འདུག
དེ་བཞིན་ང་རང་ཚོ་སྔར་གྱི་སྟོན་པ་དང་སློབ་དཔོན་དེ་དག་རྗེས་དྲན་བྱེད་སྐབས། རྣམ་དག་དང་རྗེས་སུ་ཡི་རང་བའི་ཐོག་ནས་དེ་དག་གི་རྣམ་ཐར་གང་ཐུབ་ཉམས་ལེན་བྱས་ན་རྗེས་དྲན་ཡང་དག་པ་བྱུང་བ་རེད། དེ་མིན་ཚིག་གི་བསྟོད་པ་ཁ་ཤས་བཏང་བ་ཙམ་གྱིས་རྗེས་དྲན་ཆགས་ཀྱི་མ་རེད། ཁྱེད་རང་གཉིས་ངོས་ཀྱི་ངོ་ཤེས་གྲོགས་པོ་བློས་ཐུབ་རེད། དེ་རིང་འདིར་ཕེབས་ནས་གསུང་བཤད་གནང་སྟེ། ང་ཚོར་བདེན་པའི་བདེན་རྒྱབ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ད་རེས་ལྷོ་ཨ་ཕི་རི་ཀར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་འཛོམས་ཏེ། ནེལ་སོན་མཱན་ཌེ་ལར་རྗེས་དྲན་གྱི་ཚོགས་འདུ་ཆེན་པོ་ཞིག་ཚོགས་རྒྱུ་བྱས་པ་རེད། ལྷོ་ཨ་ཕི་རི་ཀའི་གཞུང་གིས་དཀའ་ངལ་སྤྲད་དེ་ཕལ་ཆེར་ངོས་རང་འགྲོ་རྒྱུའི་གོ་སྐབས་མ་བྱུང་བ་རེད། ཞེ་ས་མ་བྱས་ན་ཉམ་ཆུང་མགོན་མེད་ལ་ཐུབ་ཚོད་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ཁོང་ཚོ་མང་པོ་ཞིག་གིས་བདེན་པའི་བདེན་རྒྱབ་ནུས་པ་ལྡན་པ་ཞིག་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོང་དུ་ཟློས་གར་འཁྲབ་མཁན་དང་། དེ་བཞིན་ཕྲུ་གུ་ཚོས་ཧ་ཅང་ཡག་པོ་འཁྲབ་སོང་། སེམས་པ་དཀར་གཙང་ལྷད་མེད་པ་ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་རྩ་ཆེན་པོ་རེད། ང་རང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་སློབ་སྦྱོང་སྤྲོད་སྟངས་སོགས་ཀྱི་ཐོག་ནས་ལོ་ཡར་བསླེབས་ཏེ་སློབ་སྦྱོང་ཡག་ཏུ་དང་། ཉམས་མྱོང་མང་དུ་ཕྱིན་པའི་སྐབས་སུ་ཕྱི་ནང་མི་མཚུངས་པ་བྱེད་རྒྱུ་མང་དུ་འགྲོ་གི་འདུག དེ་ལྟར་བསམ་བློ་གཏོང་སྐབས་བྱིས་པ་རྣམས་སེམས་ནང་ཡོད་པ་དེ་དག་སྟོན་ཐུབ་མཁན་ཕྱི་གསལ་ནང་གསལ་རེད། ང་ཚོ་གང་ཙམ་ཡང་བསླེབས་དུས་རྫིག་པོ་བྱས་ཏེ་ཕྱི་ནང་མི་མཚུངས་པ་ཆགས་པར་བརྟེན་མིས་ཡིད་ཆེས་བརླགས་ཏེ་གྱོང་སོ་སོར་རག་གི་ཡོད། ཕྱི་གསལ་ནང་གསལ་ཆེ་འདྲིས་ཆུང་འདྲིས་བྱས་ན་རང་ལ་ཁེ་བཟང་རག་གི་རེད། ཕྲུ་གུ་ཆུང་ཆུང་གི་བྱེད་སྟངས་ཐོག་ནས་སློབ་གསོ་ལེན་རྒྱུ་མང་པོ་འདུག འདི་གལ་ཆེན་པོ་རེད། དེ་བཞིན་རྟགས་གསལ་གཏོང་མཁན་ཕྲུ་གུ་ཁྱེད་རང་གཉིས་ལ་བཀྲ་ཤིས་བདེ་ལེགས་ཡོད།
སྔོན་མ་ཕྱི་ལོ་ ༡༩༦༠ ནང་ལ་སློབ་གྲྭ་ཁག་གི་ནང་ཆོས་དགེ་དོན་གཉེར་ཅན་འགའ་ཤས་ཀྱིས་དངོས་འབྲེལ་འཁུར་བླངས་ཏེ་རྟགས་གསལ་གཏོང་གི་ཡོད། རིམ་བཞིན་གཏན་སློབ་ཁག་གི་ནང་མཚན་ཉིད་དང་རིགས་ལམ་སློབ་རྒྱུར་ཕྲན་བུ་སྣང་ཆུང་ཤོར་ཡོད། འོན་ཀྱང་རིམ་པས་དོ་སྣང་བྱེད་དགོས་ཀྱི་འདུག་བརྗོད་དེ་འབོད་སྐུལ་ཞུས་པ་ལྟར་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད། ཕྲུག་གུ་བརྒྱ་ལྷག་བསླེབས་ཡོད་སྐོར་བརྗོད་བྱུང་། ངོས་ཀྱིས་ཁོ་ཚོ་དང་ཐུག་གི་ཡིན། རིགས་ལམ་སློབ་སྦྱོང་བྱེད་རྒྱུ་དེ་མཚན་ཉིད་པ་དང་། ཆོས་དོན་གཉེར་བྱེད་མཁན་ཚོས་བལྟ་རྒྱུ་གཅིག་པུ་མ་རེད། མི་ཚེ་སྐྱེལ་སྟངས་ལ་ཆ་མཚོན་ན་ཡང་རིགས་ལམ་བསླབ་ན། སོ་སོའི་བསམ་བློ་གཏོང་སྟངས་ཧ་ཅང་གྲུང་པོ་དང་ཕྱོགས་ཚང་མ་མཐོང་ཐུབ་པ་ཞིག་ཆགས་ཀྱི་ཡོད། སྐྱོན་དང་ཡོན་ཏན་ཚང་མ་རིགས་ལམ་གྱི་ཐོག་ནས་བརྟག་དཔྱད་བྱེད་སྐབས། བསམ་བློ་ཧ་ཅང་གུ་ཡངས་པོ་དང་རྒྱ་ཆེ་རུ་འགྲོ་བའི་ཁྱད་པར་ཡོད། དེར་བརྟེན་རིགས་ལམ་ནི་ལག་ཆ་ལྟ་བུ་རེད། སྡེ་ཚན་གང་གི་ནང་དུ་ཡང་བེད་སྤྱོད་བྱེད་ཆོག་པ་ཞིག་རེད།
རིགས་ལམ་གྱི་རྟགས་གསལ་འགྲོ་སྟངས་དེ་བོད་པ་གཅིག་པུར་མ་གཏོགས་འཛམ་གླིང་དང་། ནང་པའི་ཡུལ་གྲུ་སུ་གཅིག་ལའང་མི་འདུག གང་ཡིན་བརྗོད་ན། ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མའི་གཞུང་ཆ་ཚང་བ་ཞིག་བོད་ཡིག་ནང་བསྒྱུར་བ་མ་གཏོགས་སྐད་ཡིག་གཞན་ནང་མི་འདུག དེར་བརྟེན་བོད་གངས་ཅན་གྱི་ལྗོངས་ལ་རིགས་ལམ་འགྲོ་སྟངས་ཚད་མའི་རྩ་བའི་གཞུང་གཙོ་ཆེ་བ་ཆ་ཚང་བོད་ཡིག་ནང་ཡོད། སྐད་ཡིག་གཞན་ལ་བསྟེན་མི་དགོས་པར། སོ་སོའི་ཡི་གེ་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཡོད་པ་མ་ཟད། བོད་རང་གི་མཁས་དབང་མང་པོ་ཞིག་གི་ཐུགས་སྣང་གནང་། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རིག་གཏེར་མཛད་ནས་བོད་པའི་མཁས་པ་རང་ཉིད་ཀྱིས་རང་རྩོམ་ཐོག་ནས་ཚད་མའི་གཞུང་མཛད་འདུག ཁྱེད་རང་ཚོ་རབ་བྱུང་དང་། སྐྱ་སེར། ཕོ་མོ་དབྱེ་བ་མེད་པར་གཞུང་ཆེན་ལྟ་རྒྱུ་དང་རིགས་ལམ་ཡག་པོ་སྦྱོངས་དང་། དངུལ་ལ་དགའ་མཁན་ཡིན་ན་མ་འོངས་པར་ཕོགས་ཆེན་པོ་རག་སར་དགེ་རྒན་བྱ་རྒྱུའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།།