༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Ms. Jody Williamsམཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Ms. Shirin Ebadi མཆོག དེ་བཞིན་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་ལི་ཛི་བྷ་རན་སི་ཊིན་ Liz Bernstein ལགས། སྐུ་མགྲོན། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་མཚམས། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌོ་ཝིལ་ཡེམ་སི་མཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་རྣམ་གཉིས་ཕེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།
ཁོང་རྣམ་གཉིས་འདིར་གདན་འདྲེན་ཞུ་དགོས་དོན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་ཀྱང་ཕྱི་ལོ་ ༢༠༡༤ ལོ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད། ལྷག་པར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ནི་མེས་པོ་དམ་པ་གཱན་དྷི་མཆོག་གི་འཁྲུངས་སྐར་ཡིན་སྟབས། དེ་ཉིན་དུས་དྲན་སྲུང་བརྩི་ཞུས་ན་འོས་ཤིང་འཚམ་པ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། དོན་དངོས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་ཁོངས་ནས་མེས་པོ་དམ་པ་གཱན་དྷི་མཆོག་གཅིག་ཆགས་ཀྱི་ཡོད་ཀྱང་། ཁོང་ཚོའི་སྒྲིག་གཞི་ལྟར་འདས་གྲོངས་སུ་གྱུར་ཟིན་པའི་མི་སྣར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་གི་མེད་སྟབས། གཱན་དྷིའི་འཁྲུངས་སྐར་ཉིན་མོར་དུས་དྲན་འདི་སྲུང་བརྩི་ཞུས་ན། ང་ཚོའི་ངོས་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་ཁོངས་ནས་མེས་པོ་དམ་པ་གཱན་དྷི་མཆོག་གཙོ་བོ་ཞིག་ཆགས་ཀྱི་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན།
ཁོང་གིས་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་རྩོད་པ་འདི་འཛམ་གླིང་སྤྱི་ཡོངས་ཀྱིས་ངོས་ལེན་དང་ལག་བསྟར་བྱས་དང་བྱེད་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་མི་མང་ངོས་ནས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། ཞི་བའི་ལམ་ཐོག་མུ་མཐུད་བསྐྱོད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁོང་རྣམ་གཉིས་འདིར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ལ་ལམ་སྟོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་ལམ་སྟོན་གནང་བ་དེ་དག་ང་ཚོའི་ཡིད་ལ་བཞག་པའི་ཐོག་ནས་བོད་མིའི་རྩ་དོན་ལའང་རླབས་ཆེན་གྱི་ཐུགས་ཕན་གསོ་བའི་ཡིད་ཆེས་ཞུ་གི་ཡོད། དེར་བརྟེན་ཁོང་རྣམ་གཉིས་དང་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་ཚོགས་མི་རྣམ་པ་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་གསར་འགོད་གསལ་བསྒྲགས་གྲོལ་ཡོད།
དེ་རྗེས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་མཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་མཆོག་དང་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་རྣམ་གཉིས་ཀྱིས་གཙོས་ནོ་བེལ་བུད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་ཚོགས་མི་རྣམས་མེག་གྷན་བོད་ཀྱི་འགྲེམས་སྟོན་ཁང་ནང་གཟིགས་སྐོར་དུ་ཕེབས་ཡོད།།