༢༠༡༤ ཟླ་ ༩ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༤།༢༦ ཉིན་གྲངས་གསུམ་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་རྣམ་པའི་འཐུས་མིས་སྤོས་སྣེས་སྔོན་བསུས་ཏེ་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཐེ་ལན་ཌེ་དང་ཝི་ཏི་ནམ་རྒྱ་སྐད་བཅས་སྐད་རིགས་ཁག་གཅིག་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ལྷོ་ཤར་ཨེ་ཤི་ཡའི་ཆོས་ཞུ་བ་གྲངས་ ༧༠༠ དང་། ཕྱི་རྒྱལ་ཡུལ་གྲུ་ ༦༢ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༢༦༢ དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༥༦༠༥ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་ སྐབས་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་འདུས་པའི་ཆོས་ཞུ་བ་རྣམ་པར་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ངོས་རང་ནམ་རྒྱུན་སུ་འདྲ་ཞིག་ཐུག་པ་དང་གཏམ་བཤད་བྱེད་སྐབས། ངོས་རང་འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད་ཁོངས་ནས་གཅིག་ཆགས་ཡོད། ཅེས་བརྗོད་ཀྱི་ཡོད། ང་ཚོ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཆགས་ཡོད། དཔེར་ན། མི་སྒེར་པ་སོ་སོའི་མི་ཚེ་ཡང་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད། མི་ནུས་སྟོབས་ཆེ་བ་དང་འབྱོར་ལྡན། ཤེས་ཡོན་ཅན་སུ་ཞིག་ཡིན་རུང་རང་ཉིད་གཅིག་པུར་འཚོ་ཐབས་མེད།
ལྷག་པར་དེང་སྐབས་འཛམ་གླིང་འདིའི་ནང་དཔལ་འབྱོར་ལ་ཆ་མཚོན་ན། འཛམ་གླིང་ཤར་ལྷོ། ནུབ་བྱང་ཡོངས་རྫོགས་དཔལ་འབྱོར་ཐོག་ནས་འབྲེལ་བ་ཡོད། དེར་བརྟེན་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས་ས་ཁུལ་གཞན་དེར་རང་བཞིན་གྱིས་དཀའ་ངལ་སླེབས་ཀྱི་འདུག འཛམ་གླིང་གཅིག་གྱུར་ཐོག་འགྲོ་དགོས་ཀྱི་འདུག་མ་གཏོགས་མི་རིགས་གཅིག་དང་སྒེར་པའི་གནས་སྟངས་འོག་འགྲོ་གི་མི་འདུག དེ་བཞིན་ཁོར་ཡུག་བརྗོད་སྐབས། ཚ་དྲོད་ཀྱི་རྐྱེན་པས་འབྱུང་བ་འཁྲུག་པ་དེ་དག་འཛམ་གླིང་སྤྱིར་ཐུག་ཡོད་པ་རེད་མ་གཏོགས་ཆོས་ལུགས་དང་ཆོས་དད་ཡོད་མེད་ཀྱིས་དབྱེ་འབྱེད་གཏོང་གི་མེད། དེར་བརྟེན་ཁོར་ཡུག་གི་གནས་སྟངས་འོག་ནས་འཛམ་གླིང་འདི་སྐྱིད་མཉམ་དང་སྡུག་མཉམ་ཞིག་རང་བཞིན་གྱིས་ཆགས་ཀྱི་འདུག དེ་ལྟ་བུའི་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ང་ཚོ་ཚང་མས་སྤྱི་པར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཞན་ཕན་ཆེད་བསམ་གཏོང་དགོས་ཞེས་པ་ནི། ཆོས་ཕྱོགས་ཀྱི་སྐད་ཆ་གང་ཡང་མ་རེད། རང་ཉིད་འཚོ་སླད་གཞན་གྱི་བདེ་སྡུག་ལ་བསམ་བློ་མ་བཏང་ན་འགྲིག་ཐབས་མེད། དེར་བརྟེན་འཛམ་གླིང་འདིའི་ཐོག་གི་དཀའ་ངལ་མང་དག་ཅིག་ང་ཚོ་མིས་བཟོས་པ་ཤ་སྟག་ཆགས་ཡོད། མིས་བཟོས་པའི་དཀའ་ངལ་མི་རང་ཉིད་ཀྱིས་སེལ་དགོས་པ་རེད་མ་གཏོགས་ཐབས་ལམ་གཞན་མེད།
དཔེར་ན། བཅོམ་ལྡན་འདས་ཀྱིས། །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་བཀའ་ཕེབས་ཡོད། ལྷག་པར་ད་ཆ་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད། དུས་རབས་ཉི་ཤུ་ཐམ་པའི་ནང་དམག་འཁྲུག་སོགས་ཀྱི་དཀའ་ངལ་མང་དག་ཅིག་ང་ཚོ་མིས་བཟོས་པ་རེད་འདུག དུས་རབས་ཉེར་གཅིག་གི་འགོ་སྟོད་ལ་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་དང་། ཡང་སྒོས་ཆོས་ལུགས་ལ་དད་པ་འདྲ་མིན་ཐོག་ནས་དཀའ་ངལ་འཕྲད་ཀྱི་འདུག སྤྱིར་བཏང་མིས་དཀའ་ངལ་དང་དུ་བླངས་ཏེ་བཟོས་པ་ཞིག་མ་རེད། བསམ་བློ་གཏོང་སྟངས་མ་འགྲིག་པའི་དབང་ལས་བྱུང་བ་ཞིག་ཆགས་ཡོད་སྟབས། རང་ཉིད་ཀྱི་བདེ་སྡུག་ཉམས་སུ་བླངས་ཏེ་གཞན་གྱི་བདེ་སྡུག་ལ་བསམ་བློ་མང་ཙམ་གཏོང་ཐུབ་ན། ང་ཚོ་འགྲོ་བ་མིས་བཟོས་པའི་དཀའ་ངལ་ཇེ་ཉུང་དུ་འགྲོ་གི་རེད།
མིས་བཟོས་པའི་དཀའ་ངལ་ཉུང་ཙམ་བྱུང་ན་འཛམ་གླིང་འདི་བདེ་ཞིང་སྐྱིད་པ་ཡོང་གི་རེད། མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ཡོང་སྐབས། མི་མང་དག་ཅིག་ལ་ཐད་ཀར་ལུས་པོར་དཀའ་ངལ་འཕྲད་ཀྱི་མེད་ཀྱང་སེམས་ནང་དངངས་སྐྲག་བསླེབས་ཏེ་མ་སྐྱིད་པ་ཡོང་གི་འདུག དེར་བརྟེན་དཀའ་ངལ་སེལ་རྒྱུ་དེ་ང་ཚོའི་དོན་བདག་ལ་ཐུག་ཡོད། ཕྱོགས་གཅིག་ནས་རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ཁོ་ནའི་ཆེད་དུ་བསམ་བློ་གཏོང་སྐབས་དཀའ་ངལ་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་མ་ཐུབ་པའི་དབང་གིས་ཡོང་གི་ཡོད། དེར་བརྟེན་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཐུབ་རྒྱུར་སངས་རྒྱས་པའི་ལྟ་གྲུབ་རྟེན་ཅིང་འབྲེལ་བྱུང་ཞེས་པ་འདི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་འདུག
རང་ཉིད་ཀྱི་དགྲ་གཉེན་ཞེས་པ་ཡང་རྐྱེན་མང་དག་ཅིག་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་ང་ཚོ་སྐྱེས་ཙམ་ཉིད་ནས་དགྲ་གཉེན་མེད། ད་ལྟ་ང་ཚོའི་ཤོད་རྒྱུ་འདི་སྤྱིར་བཏང་ཐ་མལ་པས་དགྲ་དང་གཉེན་བརྗོད་སྐབས། གཉེན་གྱི་ཕྱོགས་དེ་འགོ་སྟོད་ནས་དུས་རྟག་ཏུ་བཟང་པོ་ཞིག་ལ་བལྟས་ནས་ཞེན་ཆགས་སྐྱེས་ཀྱི་ཡོད། དགྲ་ཞེས་བརྗོད་སྐབས་དུས་རྟག་ཏུ་རང་ལ་གནོད་པ་བྱེད་མཁན་ཞིག་ལ་བལྟས་ཏེ། གནོད་ལན་བྱེད་རྒྱུ་ཡོང་བཞིན་ཡོད། དགྲ་དང་གཉེན་གྱིས་མཚོན། ཚང་མ་རྐྱེན་ལ་བརྟེན་ནས་བྱུང་བ་དང་འགྱུར་བ་འགྲོ་བ་ཞིག་མཐོང་ན། བསམ་བློའི་ནང་དགྲ་དང་གཉེན་ཞེས་ཧ་ཅང་ཤུགས་ཆེན་པོ་འཛིན་བཞིན་པ་དེ་ཤུགས་ཆུང་དུ་གཏོང་རྒྱུར་ཁྱད་པར་ཡོད། དཔེར་ན། ཨ་རིའི་ཚན་རིག་པ་བགྲེས་སོང་ཞིག་གིས་ལོ་མང་རིང་ལ། མི་སེམས་འཁྲུག་ཡོད་པ་དེ་ཚོར་སྨན་བཅོས་དང་རོགས་རམ་བྱས་པ་བརྒྱུད་ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས། ཁོང་གིས་ང་ཚོས་ཞེ་སྡང་སྐྱེས་སྐབས་ཞེ་སྡང་སྐྱེས་སའི་དགྲ་དེ་མི་སྡུག་པ་ཞིག་མཐོང་གི་རེད། དོན་དངོས་ཐོག་མི་སྡུག་པའི་ཆ་བརྒྱ་ཆ་ ༩༠ ཞེ་སྡང་ལངས་མཁན་སོ་སོའི་སེམས་ཀྱིས་བཟོ་གི་ཡོད། ཅེས་གསུངས་ཀྱི་འདུག ཁོང་གིས་ལོ་མང་རིང་མིའི་སེམས་ལ་བརྟག་དཔྱད་བྱས་ནས་ཉམས་མྱོང་བསགས་ཡོད། རྙོག་གྲ་དེ་ཆགས་སྡང་གི་བཟོས་ཀྱི་ཡོད་པ་དང་། ཆགས་སྡང་དེ་ཡུལ་ལ་འཛིན་པ་ཨ་འཐས་ཤུགས་ཆེན་པོ་ཡོད་པའི་ཐོག་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད།
དེར་བརྟེན་འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་ཅུ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། ང་ཚོས་མི་དུང་ཕྱུར་བདུན་ཅུ་སྤྱི་ལ་ཕན་པ་ཞིག་གི་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་དུང་ཕྱུར་བདུན་ཅུའི་སྡུག་བསྔལ་སེལ་རྒྱུར་ང་ཚོ་མི་རེ་ངོ་རེར་འགན་འཁྲི་ཡོད། གང་ཡིན་ཞེ་ན། སོ་སོའི་འཚོ་ས་དང་སོ་སོའི་སྤྱི་ཚོགས་ཆགས་ཡོད། མི་སྤྱི་ལ་ཕན་པ་དང་མི་སྤྱིའི་སེམས་ནང་ཡ་རབས་ཀྱི་བསམ་བློ་བསླེབ་རྒྱུར་ཐབས་ཤེས་ཆོས་ཀྱི་ཐོག་བརྟེན་དགོས་བྱུང་ན། མི་དུང་ཕྱུར་བདུན་ཅུ་ནས་དུང་ཕྱུར་བཅུ་ལྷག་ཙམ་ཆོས་ལ་དད་པ་མེད་མཁན་ཆགས་ཡོད། ཆོས་ལ་དད་པ་ཡོད་མཁན་དུང་ཕྱུར་དྲུག་ཅུ་དེ་དག་སེམས་ཀྱི་གཏིང་ནས་དེ་ཙམ་མི་འདུག ཆོས་དད་ཡོད་མཁན་ནང་ཆགས་སྡང་བྱེད་མཁན་མང་པོ་ཡོད། ཆོས་དད་ཡོད་མཁན་ཚོར་ལྷག་བསམ་དང་ཡ་རབས་བཟང་པོ་ཤུགས་ཆེན་པོ་མེད་པའི་རྟགས་སྟོན་གྱི་འདུག དེར་བརྟེན་སོ་སོའི་སེམས་ནང་ཆགས་སྡང་དང་། སྤྱི་སེམས་མེད་པ། གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་བློ་མེད་པར་བསྡད་ན། སོ་སོའི་ཆོས་དེ་ཡང་ཆགས་སྡང་སྐྱེ་རྒྱུའི་ཐོག་འགྲོ་གི་ཡོད། དེར་བརྟེན་ཕྱོགས་གཅིག་ནས་ཆོས་དད་མེད་མཁན་དེ་དག་ཡིན་ནའང་། ཡ་རབས་སྤྱོད་བཟང་གི་བསམ་བློ་སླེབས་ཐུབ་རྒྱུ་ཞིག་དང་། ཆོས་དད་ཡོད་མཁན་ཞིག་ཡིན་ནའང་ཡ་རབས་སྤྱོད་བཟང་གི་བསམ་བློ་བརྟན་པོ་ཆགས་ཐུབ་རྒྱུར། ང་ཚོས་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་ལྟ་སྤྱོད་བཤད་རྒྱུ་དེ་རེད།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་མཚམས་རེ་ (Secularism) དང་ (atheism) གཉིས་བསྲེས་ཡོང་གི་འདུག (atheism) དང་ཆོས་གཉིས་མཉམ་དུ་འགྲོ་ཐུབ་ཀྱི་མ་རེད། (Secular) དེ་ཐ་དད་རེད་འདུག རྒྱ་གར་ནང་ཧ་ཅང་གསལ་པོ་རེད། རྒྱ་གར་ནང་ལོ་གསུམ་སྟོང་ཙམ་ནས་ (Secular) ཡོད། རྒྱ་གར་གྱི་བཅའ་ཁྲིམས་ཡིན་ནའང་ (Secular) ཐོག་གཞི་བཞག་གི་འདུག དེར་བརྟེན་ (Secular) ཟེར་སྐབས། ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས། ཆོས་དད་ཡོད་མཁན་ལ་གུས་ཞབས་བྱས་པ་ཙམ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་གུས་ཞབས་བྱེད་དགོས། མདོར་ན་ (Secular) ཟེར་སྐབས་མི་དུང་ཕྱུར་བདུན་ཅུ་ཚང་མར་གུས་ཞབས་བྱེད་རྒྱུ་ཆགས་ཀྱི་ཡོད། མི་དུང་ཕྱུར་བདུན་ཅུ་ཆོས་དད་ཡོད་མེད་ལ་མ་ལྟོས་པ་ཚང་མ་ལ་ཕན་བདེ་བསྒྲུབ་རྒྱུའི་བསམ་བློ་དང་། ཀུན་བདེ་བའི་བསམ་བློ་ཐོག་ནས་ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་བཟང་སྤྱོད་ (secular ethics) ཆགས་ཀྱི་ཡོད། དེ་བཞིན་ངོས་མི་ཞིག་ཡིན་པའི་ཆ་ནས། མི་དུང་ཕྱུར་བདུན་ཅུར་ཁྱབ་ཐུབ་པའི་ཡ་རབས་སྤྱོད་བཟང་གི་ལྟ་གྲུབ་བཤད་རྒྱུ་དེ་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ (secular ethics) རེད།
ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་བཞིན་ཡོད། མུ་སྟེགས་པའི་ཆོས་ལུགས་མི་འདྲ་བ་ཡོད་པ་ཚང་མས་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་གི་ཆོས་བརྒྱུད་གཙོ་ཆེ་བ་ཚང་མས་བྱམས་བརྩེ་དགོས་སྐོར་གསུང་གི་ཡོད། ང་ཚོ་མི་དུང་ཕྱུར་བདུན་ཅུ་ཡོངས་རྫོགས་མ་ལས་སྐྱེས་ཏེ། ཆུང་བྱིས་པའི་སྐབས་ནས། མ་གཙོ་བོར་གྱུར་བའི་གཉེན་ཉེའི་བརྩེ་བའི་འོག་ནས་འཚར་ལོངས་བྱུང་ཡོད། གང་ལྟར་བྱམས་བརྩེའི་ཁོར་ཡུག་གཅིག་དང་རང་ཉིད་ལ་བྱམས་བརྩེའི་བློ་ཞིག་ཡོད་ན། སེམས་ལ་དངངས་སྐྲག་དང་འཇིགས་སྣང་ཉུང་དུ་འགྲོ་གི་རེད། ཕྱི་དངོས་པའི་མཐུན་རྐྱེན་ག་ཚོད་བཟང་པོ་ཡོད་ཀྱང་། སེམས་ནང་དངངས་སྐྲག་དང་འཇིགས་སྣང་ཡོད་ན་སྐྱིད་པ་གང་ཡང་མེད། དེ་བཞིན་བརྩེ་བའི་གྲོགས་པོ་ཡོད་ན་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཡོང་གི་རེད། དེར་བརྟེན་གྲོགས་པོ་ནི་ཡིད་ཆེས་ཐོག་ནས་ཡོང་དགོས་སྟབས། ཡིད་ཆེས་ཡོང་བར་བརྩེ་སེམས་དགོས་ཀྱི་ཡོད། མདོར་ན། ཆོས་ལུགས་གཙོ་བོ་དེ་དག་གིས་བསླབ་བྱ་གཙོ་བོ་བྱམས་བརྩེ་དགོས་སྐོར་གསུང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད།
ཐེངས་འདིའི་ཆོས་འབྲེལ་ལ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ། སིང་ག་པུར། ཐེ་ལན་ཌེ། ཝི་ཏི་ནམ། ཧིན་ངྷུ་ནེ་ཤི་ཡ། མ་ལེ་ཤི་ཡ། ཉི་ཧོང་། ཀོ་རི་ཡ། རྒྱ་ནག་སྐམ་ས་ཆེན་མོ། ཐེ་ཝན་སོགས་ནས་དད་ལྡན་ཆོས་ཞུ་བ་བཅར་ཡོད་པ་མ་ཟད། སྐད་རིགས་བོད་སྐད་དང་རྒྱ་སྐད། ཨིན་སྐད། ཝི་ཏི་ནམ། ཧིན་རྡུའི་སྐད། ར་ཤི་ཡའི་སྐད་བཅས་ཀྱི་ཐོག་ནས་ཐད་གཏོང་ཞུ་བཞིན་འདུག ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་འདི་བཞིན་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཉིན་གུང་ཆུ་ཚོད་ ༡༢།༠༠ བར་སྩལ་རྒྱུ་ཡིན་འདུག་པ་བཅས། །