༢༠༡༤ ཟླ་ ༩ ཚེས་ ༢༣ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Hyatt) གསོལ་མགྲོན་ཁང་དུ་རྒྱ་གར་ནང་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ (A Meeting of Diverse Spiritual Traditions in India) དབུ་འཛུགས་གནང་སྟེ། ཕྱི་ཚེས་ ༢༡ ཉིན་ལྷན་ཚོགས་མཇུག་སྒྲིལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ལྷན་ཚོགས་མཇུག་སྒྲིལ་ཐོག་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་སླར་ཡང་འཚམས་འདྲི་ཞུ་རྒྱུ་ཡིན། འདི་གར་ཉིན་གྲངས་གཉིས་ཚོགས་པའི་ལྷན་ཚོགས་ཐོག་ཆོས་ལུགས་ཚང་མའི་བླ་ཆེན་དང་སྐུ་ཚབ། དེ་བཞིན་མཁས་དབང་བཅས་ནས་རང་ཉིད་ཀྱི་བསམ་ཚུལ་ལྷག་བསམ་རྣམ་དག་ཐོག་ནས་གླེང་སློང་གནང་བར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེར་བརྟེན་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ད་ནས་བཟུང་སྤྱི་ཚོགས་ནང་གཞན་ཕན་གྱི་བདེ་དོན་ཆེད་སྔར་ལྷག་ཕྱག་ལས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་བཏང་ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཡོད་ཀྱང་དམིགས་ཡུལ་བྱམས་པ་དང་སྙིང་རྗེ། དྲང་བདེན། གཞན་ཕན་སྒྲུབ་ཐབས་སོགས་གཅིག་གྱུར་ཡིན་སྟབས། ལྟ་གྲུབ་ཀྱི་ཁྱད་པར་ལ་གུས་བཀུར་ཞུས་པ་དང་ཆབས་ཅིག་ཕྱི་གསལ་ནང་གསལ་གནང་སྟེ། འཛམ་གླིང་ཞི་བདེའི་སླད་འགན་ཁུར་སྔར་ལྷག་ཤུགས་ཆེ་ཙམ་བཞེས་རོགས་གནང་བརྗོད་རྒྱུ་ཡིན། ལྷག་པར་རྒྱ་གར་ནི་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ངང་གནས་པའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན། ངོས་རང་རྒྱ་གར་གྱི་དགེ་ཕྲུག་གཅིག་ཡིན་པའི་ཆ་ནས་ཆོས་ལུགས་འཆམ་མཐུན་ཐོག་འབད་བརྩོན་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ངོས་རང་ལོ་བརྒྱད་ཅུར་སླེབས་ལ་ཉེ་བ་ཡོད་ཀྱང་མི་ཚེའི་ལྷག་འཕྲོས་རྣམས་སྤྱི་ཚོགས་ཀྱི་བདེ་དོན་ཆེད་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་དང་རྒྱག་མུས་ཡིན། རྒྱ་གར་ནང་ཆོས་ལུགས་འཆམ་མཐུན་ངང་གནས་ཐུབ་པ་འདི་ནི་ལོ་སྟོང་ཕྲག་རིང་ནས་དར་བའི་རྒྱ་གར་གྱི་རིག་གཞུང་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། དེ་ལྟ་བུའི་རིག་གཞུང་གིས་དུས་ད་ལྟ་ཡང་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་རྣམས་ལ་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་རྒྱ་གར་ལུང་པའི་ནང་ཆོས་ལུགས་འཆམ་མཐུན་གནས་ཡོད་པ་ནི་དུས་ནས་དུས་སུ་དྲན་བསྐུལ་ཐོག་གཅེས་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།ཕྱོགས་མཚུངས་རྒྱ་གར་བ་རྣམས་ང་ཚོའི་དགེ་རྒན་ཡིན་པའི་ཆ་ནས་སྤམ་པོ་དང་རྫིག་པོ་བྱས་ནས་མ་བཞུགས་པར་སྤྱི་ཚོགས་ནང་དངོས་སུ་ཕེབས་ཏེ། ལྷག་བསམ་རྣམ་དག་ཐོག་འགན་འཁུར་བཞེས་ནས་འཛམ་གླིང་འདིའི་ཐོག་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐབས་གནང་རོགས་ཞུ་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་ཀི་རེན་རི་ཇི་ཇུ་Kiren Rijijuམཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུས་འདིར་འདུས་བླ་ཆེན་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན། འདི་གར་ཉིན་གྲངས་གཉིས་རིང་ཚོགས་པའི་ཆོས་ལུགས་འདྲ་མིན་ལྷན་ཚོགས་འདིའི་ཐོག་ནས་བཞག་པའི་སྤྱི་བསྒྲགས་ཀྱི་དགོངས་དོན་གཞིར་བཟུང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང། དེ་བཞིན་ཆོས་ལུགས་འདྲ་མིན་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ནང་འཆམ་མཐུན་དང་བཟོད་བསྲན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་སྤྱི་བསྒྲགས་སྤེལ་འདུག