༢༠༡༤ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་གི་སྙན་གྲགས་ཅན་གྱི་ (Tata Institute of Social Science) ཏྲ་ཏྲ་གཙུག་ལག་སློབ་གཉེར་ཁང་གིས་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཏྲ་ཏྲ་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་དུ་ (Tata Institute of Social Science) སྐབས་དང་པོའི་ཁྲིམས་ལུགས་རབ་འབྱམས་པ་ (LL.M) བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ། ཁྲིམས་ཀྱི་ཐོག་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁག་གཅིག་ལ་ཕྱག་འཁྱེར་གསོལ་རས་དང་འབྲེལ་བཀའ་སློབ། དེ་བཞིན་ཕྱི་ཚེས་ ༡༨ ཉིན་ཁུལ་དེར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ (Secular Ethics) བཀའ་སློབ་སྩལ། ཕྱི་ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་དེ་ཕྱི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Hyatt) གསོལ་མགྲོན་ཁང་དུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོ་སྒྲིག་ཞུས་པའི་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལྷན་ཚོགས་ཐོག (A Meeting of Diverse Spiritual Traditions in India) ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལིའི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པའི་མི་སྣ་ཁག་གཅིག་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ལམ་སྟོན་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས། རྡ་སའི་མི་མང་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག