༢༠༡༤ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Hyatt) གསོལ་མགྲོན་ཁང་དུ་རྒྱ་གར་ནང་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ (A Meeting of Diverse Spiritual Traditions in India) དབུ་འཛུགས་གནང་འདུག དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་ཐོག་ཕེབས་པའི་བླ་ཆེན་དང་མཁས་དབང་། སྐུ་ཚབ་རྣམ་པ་བཅས་ལ་སྣེ་ལེན་ཕེབས་བསུ་མཛད་གྲུབ་བསྟུན། བོད་ཀྱི་ཟློས་གར་ཚོགས་པས་ཆོས་ལུགས་མཐུན་སྒྲིལ་གྱི་བརྗོད་གཞིའི་ཐོག་བརྩམས་པའི་གླུ་གཞས་འབུལ་ལམ་ཞུས་པ་དང་ཆབས་ཅིག ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་དངོས་སུ་དབུ་འཛུགས་མཛད། ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་སོ་སོའི་སྲོལ་རྒྱུན་གྱི་ཐུགས་སྨོན་དང་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་ཕེབས་བསུའི་གསུང་བཤད་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་རྣམ་པ་ལྷན་རྒྱས་ནས་ངོས་ཀྱིས་མགྲོན་བརྡ་ཕུལ་བར་དྭང་ལེན་གནང་ནས་ལྷན་ཚོགས་འདིར་ཆེད་ཕེབས་གནང་བར་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་། ངོས་རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དང་བརྩི་བཀུར་ཡོང་ཐབས། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་རིགས་ཀྱི་བདེ་དོན་ལ་ལྟ་སྐྱོང་བྱེད་རྒྱུ་བཅས་ནི་དོར་དུ་མི་རུང་བའི་ངོས་ཀྱི་ལས་འགན་ཞིག་ཆགས་ཡོད།
གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་ཡིན། ང་ཚོ་ཚང་མ་འཚོ་གནས་ཆེད་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་པ་ཞིག་ཆགས་ཡོད། ལྷག་པར་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་སྟབས། ང་ཚོ་ཚང་མས་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་བཅས་ཀྱི་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས་པའི་དུས་ལ་བསླེབས་ཡོད། དུས་རབས་ ༢༠ པའི་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་པས་མི་ཧ་ལམ་ས་ཡ་ ༢༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། དུས་རབས་ ༢༡ འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་ཆེད་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས། ང་ཚོར་རང་ཆས་སུ་སྐྱེས་པའི་དུས་ནས་བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན་བཅས་གོང་འཕེལ་གཏོང་ཐུབ་པའི་ནུས་པ་ཡོད། སྤྱིར་ཆོས་ལུགས་དང་མི་རིགས་སོགས་ཀྱི་དབར་རང་རང་གི་མོས་པ་དང་བསྟུན་པའི་ལྟ་གྲུབ་ཀྱི་ཁྱད་པར་ཡོང་གི་ཡོད་ནའང་། དམིགས་ཡུལ་དེ་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པར་བརྟེན། བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་འཛམ་གླིང་ཞི་བདེའི་ཆེད་ཕྱག་ལས་གནང་དགོས། ལྷག་པར་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ཐོག་མཉམ་གནས་བྱེད་རྒྱུའི་སྲོལ་རྒྱུན་བཟང་པོ་ཡོད་སྟབས། འཛམ་གླིང་ནང་ལྟ་གྲུབ་འདི་ཁྱབ་སྤེལ་གཏོང་ཐབས་གནང་དགོས། རྒྱ་གར་གྱི་ཁ་ཆེ་ཚོའི་ནང་ཁུལ་དུ་ཤི་ཡ་དང་སུ་ནི་ཁ་ཆེའི་དབར་རྩོད་རྙོག་དེ་ཙམ་ཡོང་གི་མེད། རྒྱ་གར་གྱི་ཁ་ཆེའི་དབུ་ཁྲིད་ཚོས་པ་ཀི་སི་ཐན་དང་ཨ་རབ་ནང་ཤི་ཡ་དང་སུ་ནི་ཁ་ཆེའི་དབར་གྱི་དཀའ་རྙོག་དེ་སེལ་ཐབས་བྱེད་དགོས་ཀྱི་རེད་བསམས་ཀྱི་ཡོད། ངོས་རང་ནང་པའི་ཆོས་པ་ཞིག་ཡིན་པར་བརྟེན་གང་ཡང་བྱེད་ཐུབ་ཀྱི་མ་རེད། སྐབས་རེ་ངོས་ཀྱིས་རྩེད་མོ་དང་ལྷན་པ་ཀི་སི་ཐན་ནང་ཤི་ཡ་ཆོས་ལུགས་ཉམས་ལེན་བྱེད་མཁན་ཚོ་རྒྱ་གར་ཧིན་དུའི་ལུང་པའི་ནང་ཉེན་ཁ་ཆུང་བ་ཡོད་ས་རེད་ཅེས་བཤད་ཀྱི་ཡོད།
ཕྱོགས་མཚུངས་འབར་མའི་ནང་ཡོད་པའི་ནང་པའི་དཀའ་ངལ་དེ་རེད། ང་ཚོ་རྒྱ་གར་གྱི་ནང་པ་ཚོས་དེའི་ཐོག་དངོས་གནས་ཕན་ཐོགས་བྱེད་ཐུབ་ཀྱི་རེད་བསམས་ཀྱི་ཡོད། ང་ཚོ་ཆོས་ཁས་ལེན་མཁན་ཞིག་ཡིན་དུས་གཞན་གྱི་དཀའ་ངལ་ལ་ལྟད་མོ་ལྟ་བ་དང་སྨོན་ལམ་བརྒྱབ་པ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ན་ཇིབ་ཇངྒ་ Najeeb Jung མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ངོས་ནས་ཐུགས་འཁུར་ཆེ་བཞེས་ཐོག་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུས་པར་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། འཛམ་གླིང་འདིའི་སྟེང་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་དང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཡོང་ཐབས་མཛད་ཐུབ་མཁན་སྐུ་ཉིད་མཆོག་ལས་གཞན་འོས་ཤིང་འཚམ་པ་ཞིག་མེད་སྟབས། ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་འདི་བཞིན་དོན་དང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་སྐུ་སྒེར་ངོས་ནས་ཚོགས་བཅར་བ་རྣམས་ལ་དྲན་རྟེན་གྱི་ཚུལ་དུ་སྐུ་ཐང་རེ་གསོལ་རས་སྩལ་ཡོད་པ་མ་ཟད། ཉིན་དེའི་ཕྱེད་ཡོལ་མིའི་རིན་ཐང་ཐོག་ཆོས་ལུགས་ཕན་ཚུན་གྱི་བསམ་བློ་གཏོང་ཕྱོགས་སོགས་ཀྱི་སྐོར་གསུང་མོལ་དང་ཚོགས་ཆུང་ཆ་བགོས་ཀྱིས་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག ཐེངས་འདིའི་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་འདིའི་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་ཉི་ཤུ་རྩ༌་གསུམ་ནས་ཧིན་དུ་(Hindu)དང་། ཁ་ཆེ།(Muslim) ཡི་ཤུ།(Christian) ཇེན།(Jain) ནང་པ།(Buddhist) སིཀ།(Sikh) བྷ་ཧ་ཡི། (Bahai)ཛོ་ར་ཤན། (Zoroastrian) ཇིའུ་ (Jew) བཅས་ཆོས་ལུགས་ཁག་དགུའི་བླ་ཆེན་དང་མཁས་དབང་། སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༠༣ ལྷག་མཉམ་ཞུགས་གནང་འདུག