༢༠༡༤ ཟླ་ ༩ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་ཧི་མཱ་ཅལ་མངའ་སྡེ་སྦིར་དང་ཅོན་ཏ་ར། ཇོ་གིན་རྡར་ན་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bir Chauntra Tibet Support Group) ཚོགས་གཙོ་སྐུ་ཞབས་པང་ཀ་ཇི་ཇམ་ཝལ་ (Shri. Pankaj Jamwal) ལགས་ཀྱིས་དབུས་ཚོགས་མི་ཁག་གཅིག་དང་ཐུག་འཕྲད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐོག་མར་ཁོང་རྣམ་པར་འཚམས་འདྲིའི་དཀར་གཙང་མཇལ་དར་གཡོགས་པ་དང་ལྷན་གསུང་བཤད་གནང་དོན། འཕགས་བོད་གཉིས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ང་ཚོ་བོད་རིགས་སྐྱབས་བཅོལ་མང་ཤོས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་ཡོད། དེ་སྔའི་ས་གནས་འགོ་འཛིན་གྱིས་རྣམ་པ་ཚོས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་། དེ་རིང་དངོས་སུ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལྷག་པར་ཁྱེད་རྣམ་པས་ཧི་མཱ་ཅལ་མངའ་སྡེ་སྦིར་དང་ཅོན་ཏ་ར། མན་ཌི། མཚོ་པདྨ། ཀུལ་ལུ་མ་ན་ལི་བཅས་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་བརྟེན། ང་ཚོ་བོད་མི་རྣམས་ལ་དགའ་སྤོབས་སྐྱེ་འོས་པ་ཞིག་ཆགས་ཡོད
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩས་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་གི་སློབ་ཕྲུག་ཁག་གཅིག་ལ་ཟླ་བ་གཅིག་ཙམ་རིང་བཞུགས་སྒར་རྡ་སའི་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ནང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་ངོ་སྤྲོད་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་མ་ཟད། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་སློབ་མ་ཁག་གཅིག་ལ་ཡང་ཤེས་ཡོན་དང་འབྲེལ་བའི་སྐོར་བསྐྱོད་གོ་སྒྲིག་གནང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །