༢༠༡༤ ཟླ་ ༩ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མུམ་བྷེའི་ནང་གི་ཉིན་གྲངས་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་འཁོད་སྐབས་འབྲེལ་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༢༠ དང་ ༢༡ ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ (Hyatt) གསོལ་མགྲོན་ཁང་དུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོ་སྒྲིག་ཞུས་པའི་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལྷན་ཚོགས་ཐོག (A Meeting of Diverse Spiritual Traditions in India) ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་གྱི་སྔོ་དྲོ་རྒྱལ་ས་ལྡི་ལིའི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པའི་མི་སྣ་ཁག་གཅིག་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བརྒྱུད་ལམ་ཁག་གཅིག་ནང་གསུང་གསལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བསྐྱང་རྒྱུའི་མཛད་འཆར་གཙོ་བོ་ནི། ལོ་གཅིག་ཙམ་སྔོན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཤིག་མགོན་པོ་གང་ཉིད་མཆོག་གི་མཚན་ཐོག་ནས་སྐོང་ཚོགས་མཛད་ཀྱི་ཡོད།
ལྷག་པར་༸གོང་ས་མཆོག་གི་སྐུ་ཚེའི་ནང་མཛད་འགན་གཙོ་བོ་གསུམ་ཡོད་སྐོར་བཀའ་སློབ་ཕེབས་ཀྱི་ཡོད་པའི་ཁོངས་ནས་ཆོས་ལུགས་མཐུན་སྒྲིལ་ནི་མཛད་འགན་གཉིས་པ་ཆགས་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་སྤྱི་ཡོངས་ཐོག་ནས་མཐུན་སྒྲིལ་དམ་ཟབ་གནས་ཡོད། དེ་དག་འཛམ་གླིང་ནང་ཁྱབ་སྤེལ་གཏོང་ཐབས་ཀྱིས་མཚོན་ཆོས་ལུགས་དབུ་ཁྲིད་ཚོས་སྤྱི་ཚོགས་ནང་ཕེབས་ཏེ། སྤྱི་ཚོགས་བདེ་རྩའི་ཐོག་ག་རེ་གནང་ཐུབ་ཡོད་མེད་ཐོག་ལ་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་བཀའ་སློབ་ཕེབས་ཀྱི་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནད་དོན་དེའི་ཐོག་དགོངས་བཞེས་མཛད་ནས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལྷན་ཚོགས་སྐོང་ཚོགས་མཛད་པ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་འགྲེལ་བརྗོད་གནང་། ལྡི་ལིའི་ཁུལ་གྱི་མཛད་འཆར་ཁག་གྲུབ་མཚམས་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག