༢༠༡༤ ཟླ་ ༩ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༦ གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཕུན་ཚོགས་སྡེ་བཞི་ཚོགས་ཁང་ནང་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་《བོད་རྒྱ་མང་ཚོགས་ཀྱི་དབར་འབྲེལ་ལམ་ལ་ཕྱིར་མིག་ལྟ་བ།》དང་། 《རྒྱ་རིགས་ཀྱིས་དབུ་མའི་ལམ་ལ་མཐོང་ཚུལ་ཇི་ཡོད།》ཅེས་པའི་བརྗོད་གཞིའི་ཐོག་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་བའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད།
ཚོགས་འདུ་དེ་ནི་ནིའུ་ཡོཀ་དང་། ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་དང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་གཞོགས་འདེགས་གནང་བ་ཞིག་ཡིན་པ་དང་། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་དང་། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། ས་གནས་བོད་རིགས་མང་ཚོགས་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད།
ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཚོགས་འདུའི་བྱུང་རིམ་ངོ་སྤྲོད་གནང་བ་དང་། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་འགོ་འཛུགས་གསུང་བཤད་གནང་སྐབས། བོད་རྒྱ་འབྲེལ་ལམ་གྱི་གལ་ཆེའི་རང་བཞིན་ནན་བརྗོད་གནང་བའི་ཐོག ཚོགས་འདུ་གྲ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རང་རིགས་མང་ཚོགས་རྣམས་ནས་རྒྱ་རིགས་ཚོས་བོད་དོན་ལ་གཟིགས་སྟངས་ཇི་ཡོད་ཤེས་རྟོགས་ཐུབ་ཆེད་དང་། བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་བྱེད་པའི་ལས་དོན་ལ་སྔར་ལས་ཤུགས་སྣོན་ཐེབས་པའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།
དེ་རྗེས་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་གསུང་བཤད་གནང་མཁན་རྒྱ་རིགས་གསུམ་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་། གསུང་བཤད་གནང་མཁན་ནི་སྲིད་དོན་དབྱེ་ཞིབ་པ་གྲན་ཕོ་ཁུང་དང་། ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་། རང་དབང་གི་རྩོམ་པ་པོ་ཏིང་དབྱི་ཕུ་བཅས་ཡིན་ཞིང་། ཁོང་གསུམ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་མྱོང་ལ་བཞུགས་སྒར་རྡ་རམ་ས་ལ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་སུའང་ཕེབས་མྱོང་ཡོད་པ་མ་ཟད། མཚོ་སྔོན་དང་། ཟི་ཁྲོན་གྱི་བོད་རིགས་ས་ཁུལ་དུའང་ཕེབས་མྱོང་ཡོད་པ་ཞིག་ཡིན། དུས་ཡུན་ཆུ་ཚོད་གསུམ་རིང་གི་ཚོགས་འདུའི་ཐོག་རྒྱ་རིགས་ཚོས། <<བོད་རྒྱ་མང་ཚོགས་ཀྱི་དབར་འབྲེལ་ལམ་ལ་ཕྱིར་མིག་ལྟ་བ།》དང་། 《རྒྱ་རིགས་ཀྱིས་དབུ་མའི་ལམ་ལ་མཐོང་ཚུལ་ཇི་ཡོད།》ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་མང་པོ་ཞིག་གནང་ཡོད་པ་དེ་དག་སྙིང་བསྡུས་ཕྱོགས་སྒྲིག་གིས་ཀློག་པ་པོ་རྣམས་ལ་ངོ་སྤྲོད་ཞུ་རྒྱུ་ཡིན།
དེ་ཡང་སྲིད་དོན་དབྱེ་ཞིབ་པ་གྲན་ཕོ་ཁུང་ལགས་ཀྱིས་གསུང་དོན། བོད་རྒྱ་མང་ཚོགས་དབར་འབྲེལ་ལམ་བྱེད་རྒྱུ་དེ་ཉེ་བའི་ལོ་ཤས་ནང་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད་པ་དང་། ཁོང་རང་ཉིད་ཀྱང་བོད་རྒྱ་འབྲེལ་ལམ་གྱི་ལས་དོན་ནང་དངོས་སུ་མཉམ་ཞུགས་བྱེད་རྒྱུ་བྱུང་བའི་ཉམས་མྱོང་ལ་གཞིགས་ན། ལས་དོན་དེ་ལ་གྲུབ་འབྲས་ཧ་ཅང་ཡག་པོ་འཐོན་བཞིན་འདུག་པས། གོ་སྐབས་འདི་བརྒྱུད་ལས་དོན་འདིའི་ནང་ནུས་པ་འདོན་མཁན་ཨ་རི་དོན་གཅོད་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་བོད་པ་དང་འབྲེལ་བ་བྱུང་རྗེས་བོད་མིའི་བཟང་སྤྱོད་ཀྱི་ཆུ་ཚད་ནི་རྒྱ་རིགས་ལས་མཐོ་བ་ཡོད་པའི་ཤེས་ཚོར་ཟབ་མོ་བྱུང་། རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ལ་དབུ་མའི་ལམ་གྱི་སྐོར་གཏན་ནས་ཤེས་བཅུག་གི་མེད་པར་ཁ་བྲལ་དང་། རང་བཙན་ལ་ཁ་གཡར་ནས་རྒྱ་ནག་མི་དམངས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད། རྒྱ་རིགས་མི་དམངས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་ཚེ། ཁོང་ཚོས་བོད་ལ་ངོས་འཛིན་བྱེད་སྟངས་དེ་ད་ལྟ་དང་མི་འདྲ་ཞིག་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། དེར་བརྟེན་བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕུགས་ནས་བཤད་ན་ཧ་ཅང་གི་གནད་འགག་ཆེན་པོ་རེད། ང་རང་གི་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལ། རང་བཙན་འདོད་མཁན་ལ་ཡང་བརྩི་བཀུར་ཡོད། འོན་ཀྱང་བོད་པ་ཚོས་མཁྱེན་དགོས་པ་ཞིག་ལ། དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་སྒྲ་དེ་སྤྱི་ཚོགས་སྟེང་གི་མི་མང་ཆེ་བའི་སྒྲ་ཆགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེ་ནི་རྒྱ་ནག་དང་གྲོས་མོལ་གནང་སྐབས་ཀྱི་སྟོབས་ཤུགས་ཤིག་རེད། གལ་སྲིད་རང་བཙན་དེ་སྤྱི་ཚོགས་ཀྱི་སྐད་སྒྲ་གཙོ་བོར་གྱུར་ཚེ། རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་རྣམས་སོ་སོའི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་ཕྱོགས་སུ་འཁྲིད་ཐུབ་ཀྱི་མེད་པའི་རྣམ་པ་ཐོན་ན། དེ་ནི་གྲོས་མོལ་ལ་དགེ་མཚན་མེད་པ་ཞིག་རེད། ཅེས་གསུང་ཡོད་པ་རེད།
རྩོམ་པ་པོ་ཏིང་དབྱི་ཕུ་ལགས་ཀྱིས་གསུང་དོན། རང་ངོས་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐོག་མར་འདོན་གནང་མཛད་པའི་དབུ་མའི་ལམ་ནི་བོད་མི་རིགས་ཀྱིས་ངེས་པར་དུ་བསྐྱོད་དགོས་པའི་ལམ་ཞིག་ཡིན་པ་མ་ཟད། རྒྱ་མི་རིགས་ལ་ཡང་གསལ་སྟོན་གནང་བའི་ཡང་དག་པའི་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངས་ང་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཞིག་མིན་པར། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་དབུ་ལམ་གྱི་དགོངས་པ་དང་། དེའི་ནང་དོན་ཚང་ཞིང་མ་ལུས་པ་རྟོགས་ནས་རྒྱབ་སྐྱོར་བྱས་པ་ཞིག་ཡིན། བོད་མི་རྣམས་ལ་རླབས་ཆེན་གྱི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་མི་བཙན་བྱོལ་བ་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་ནི་ཆབ་སྲིད་ཐོག་གི་ཆིག་སྒྲིལ་དང་། གཅིག་གྱུར་ཆེན་པོ་ཞིག་རེད། དབུ་མའི་ལམ་གྱི་དགོངས་པ་གཙོ་བོ་ནི། མིག་སྔའི་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་སྒྲུབ་ཐབས་མེད་པའི་རང་བཙན་མ་རྩོད་པར་བོད་མི་རིགས་ཧྲིལ་པོར་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གནང་རྒྱུ་དེ་རེད། དེ་ནི་འཛམ་གླིང་ཀུན་གྱིས་རྒྱབ་སྐྱོར་ཡོད་ལ་བོད་རྒྱ་གཉིས་ཀར་ཕན་ཞིང་། ད་ལྟའི་གནས་སྐབས་ལ་འཚམ་ཤོས་དང་། ཡག་ཤོས་ཀྱི་ལམ་འབའ་ཞིག་ཡིན་སྟབས་བོད་མི་ཚོས་ལམ་དེའི་མཐའ་སྐོར་དུ་ཆིག་སྒྲིལ་བྱེད་ཐུབ་ན། དེ་ནི་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་སྐབས་ཀྱི་སྟོབས་ཤུགས་ཤིག་རེད།
ལམ་དེ་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱུང་བའི་ཉིན་མོ་འདིར་བོད་འདི་ཆབ་སྲིད་ཐོག་གཅིག་གྱུར་ཆེ་ཤོས་བྱུང་བའི་དུས་ཚོད་ཞིག་རེད། ཕྱི་ལོ་ ༢༠༡༢ ལོའི་དཔྱིད་ཀར་ང་རང་རྒས་ཡོལ་བྱས་རྗེས་པེ་ཅིང་དང་། ཧྲང་ཧད། ཅང་སུའུ། ཅང་ཤི། དེ་བཞིན་མཚོ་སྔོན་དང་ཟི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་བསྐྱོད་སྐབས་ངོ་ཐུག་བྱུང་བའི་བོད་རིགས་ལས་བྱེད་པ་རྒན་གྲས་དང་། རྒྱ་རིགས་གྲོགས་པོ་མང་པོས་ད་ལྟའི་དཀའ་ངལ་སེལ་བའི་ལམ་ཡག་ཤོས་ནི་དབུ་མའི་ལམ་ཡིན་པར་གཅིག་གྱུར་ངོས་འཛིན་བྱེད་ཀྱི་འདུག མི་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་ག་རེ་ཡིན་ཀྱང་། ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་། བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་བོད་རིགས་སྤུན་ཟླ་ཚོའི་ཐུགས་ལ་བཞག་རོགས་གནང་། ཞེས་གསུངས།
དགེ་རྒན་ཆེན་མོ་མིང་ཤཱ་ལགས་ཀྱིས་གསུང་དོན། བོད་རྒྱ་མི་རིགས་གཉིས་ཀ་གཞི་རྒྱ་ཆེ་བའི་སྲིད་དབང་གཅིག་བསྡུས་ཀྱི་དབང་འཛིན་འོག་གནས་ཡོད་པས་འདྲ་མཉམ་མེད་པའི་དཀའ་ངལ་གཅིག་གྱུར་འཕྲད་བཞིན་ཡོད། དེར་བརྟེན་རྒྱ་བོད་མང་ཚོགས་དབར་གྱི་འབྲེལ་ལམ་ནི་ཆབ་སྲིད་ཀྱི་འབྲེལ་ལམ་ཞིག་ཡིན་པའི་སྐོར་དང་། བོད་རྒྱ་མི་རིགས་གཉིས་ནི་ཆེས་དམིགས་བསལ་དང་། གཏན་ནས་མི་འདྲ་བའི་མི་རིགས་ཤིག་ཡིན་ཞིང་། མི་རིགས་དེ་གཉིས་དབར་གྱི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་གྱི་འབྲེལ་བ་ཞིག་ཡིན་པའི་སྐོར། བོད་རིགས་ནི་ནང་སེམས་ཀྱི་དཔལ་ཡོན་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། རྒྱ་རིགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཆ་རྒྱུས་མེད་རྐྱེན་གྱིས་བོད་རིགས་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་པའི་སྐོར། ཁོང་རང་ཉིད་ལོ་མང་བོད་རྒྱ་འབྲེལ་ལམ་ནང་ཞུགས་པའི་ཉམས་མྱོང་ལ་གཞིགས་ན། བོད་རིགས་ནི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་དང་། རྒྱ་རིགས་ཀྱིས་བོད་རིགས་ཀྱི་ས་ནས་བསམ་པའི་དཔལ་ཡོན་ཐད་སློབ་སྦྱོང་བྱེད་དགོས་པ་མང་པོ་ཞིག་ཡོད་སྟབས། བོད་རྒྱ་མི་རིགས་ཀྱི་འབྲེལ་ལམ་ནི་དཔལ་ཡོན་གྱི་འབྲེལ་བ་ཡིན། ཞེས་བོད་རྒྱ་འབྲེལ་ལམ་གྱི་ངོ་བོ་འགྲེལ་བརྗོད་གནང་བ་དང་།
ཡང་ཁོང་གིས་བོད་རྒྱའི་འབྲེལ་ལམ་གྱི་གྲུབ་འབྲས་སྐོར་གསུང་སྐབས། (༡) སྐུ་ཚབ་དོན་ཁང་གི་འབད་བརྩོན་གནང་བར་བརྟེན་ནས་རྒྱ་རིགས་ཀྱི་དམངས་གཙོའི་ལས་འགུལ་དང་། བོད་རིགས་ཀྱི་རང་དབང་འཐབ་རྩོད་ལས་དོན་དབར་མཉམ་ལས་བྱས་འབྲས་སུ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཁྲོད་བོད་དོན་རྒྱབ་སྐྱོར་བ་གསོ་སྐྱོང་བྱེད་ཐུབ་པ་དང་། (༢) བོད་པའི་རྒྱབ་སྐྱོར་འོག་རྒྱ་རིགས་ཀྱིས་རྒྱ་རིགས་དང་། འཛམ་གླིང་ལ་ཁ་སློག་ནས་བོད་སྐོར་དཔྱད་ཞིབ་གླེང་མོལ་བྱེད་ཐུབ་མཁན་གྱི་དཔུང་ཁག་ཞིག་སྐྲུན་ཐུབ་ཡོད་པ། (༣) བོད་རྒྱ་འབྲེལ་ལམ་བྱེད་པའི་བརྒྱུད་རིམ་ཁྲོད་༸གོང་ས་མཆོག་གི་བཀའ་སློབ་དང་། བཀའ་ཆོས་ཀྱི་ནང་དོན་གསལ་བའི་ཕྱག་དེབ་དང་། སྒྲ་བརྙན་འོད་སྡེར་སོགས་ཁྱབ་སྤེལ་གནང་ཐུབ་པ་འདིས་བོད་ཀྱིས་རིག་གཞུང་གིས་རྒྱ་མི་རིགས་ལ་ཤུགས་རྐྱེན་བཏང་ཐུབ་པ་བཅས་ཀྱི་གྲུབ་འབྲས་ཆེན་པོ་བྱུང་ཡོད། (༤)གོང་གི་གྲུབ་འབྲས་དེ་ཚོས་མ་འོངས་པའི་བོད་རྒྱ་འབྲེལ་ལམ་ཡར་རྒྱས་གཏོང་བའི་ལས་དོན་ཁྲོད་ཟམ་པ་ལྟ་བུའི་ནུས་པ་འདོན་ཐུབ་པའི་གྲུབ་འབྲས་ཐོབ་ཡོད། ཅེས་དང་། ཁོང་གིས་མུ་མཐུད་གསུང་དོན། དབུ་མའི་ལམ་གྱི་དགོངས་དོན་གྱི་གལ་གནད་ཆེ་ཤོས་གཅིག་ནི་༸གོང་ས་མཆོག་ནས་བོད་མི་ཙམ་མ་ཟད། རྒྱ་རིགས་ཡོངས་ཀྱི་ཁེ་ཕན་ལ་ཡང་དགོངས་བཞེས་གནང་བའི་བྱམས་བརྩེ་ཅན་གྱི་དགོངས་པ་ཞིག་ཡིན་པ་དེ་ངེས་པར་དུ་མཁྱེན་དགོས། བོད་གཞིས་བྱེས་གཉིས་ཀས་ཐུན་མོང་ཐོག་གདོང་གཏུགས་བྱེད་དགོས་པའི་གནད་དོན་ཅིག་ཡོད་པ་ནི་བོད་ནང་ཡོད་པའི་བོད་མི་རྣམས་རང་དབང་བྲལ་ནས་གཉའ་གནོན་མྱོང་བཞིན་པའི་གནས་སྟངས་འགྱུར་བ་གཏོང་རྒྱུ་དེ་རེད།
གནས་སྟངས་དེར་འགྱུར་བ་གཏོང་བའི་ཐབས་ལམ་ལེགས་ཤོས་ག་རེ་ཡིན་པ་བསམ་བློ་ནན་པོ་གཏོང་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད། གལ་སྲིད་རང་བཙན་རྩོད་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་ན། ལོས་ཡིན། རང་བཙན་རྩོད་དགོས་ཀྱི་རེད། ད་ལྟའི་གནས་སྟངས་ནས་བཤད་ན། གལ་སྲིད་དབུ་མའི་ལམ་བསྐྱུར་ནས་རང་བཙན་ཐོག་ཕྱིན་པ་ཡིན་ན། བོད་ནང་གི་བོད་མི་རྣམས་རང་དབང་བྲལ་ནས་གཉའ་གནོན་མྱོང་བཞིན་པའི་དུས་ཡུན་རིང་པོར་གནས་རྒྱུ་མ་ཟད། གཏིང་ཚད་ཀྱང་ཟབ་ཏུ་འགྲོ་རྒྱུ་རེད། གལ་སྲིད་༸གོང་ས་མཆོག་མུ་མཐུད་དེ་བོད་མིའི་བསམ་པའི་གཙོ་འཛིན་ཡིན་པ་དང་། གལ་སྲིད་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཙམ་གྱིས་༸གོང་ས་མཆོག་གི་རྣམ་དཔྱོད་ལ་གོ་ཤེས་མ་འདང་པར། གང་གི་ལམ་སྟོན་དང་། དགོངས་པར་ཉན་འཇོག་མ་བྱས་པ་ཡིན་ན། དེས་མི་རྣམས་ལ་༸གོང་ས་མཆོག་གི་དབུ་ཁྲིད་ཀྱི་ནུས་པ་ཉམས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་ཉམས་པའི་ཚོར་བ་ཞིག་བསྟེར་གྱི་ཡོད་པས། དེ་ནི་བོད་མིའི་སྒྲིག་འཛུགས་དང་། རྒྱ་ནག་གཞུང་དབར་གྱི་གྲོས་མོལ་གྱི་ལས་དོན་ལ་ཕན་ཐོགས་མེད་པ་ཞིག་རེད། ངས་༸གོང་ས་མཆོག་མཇལ་བའི་བརྒྱུད་རིམ་ནང་ཚོར་སྣང་བྱུང་བར། ༸གོང་ས་མཆོག་ནས་གལ་སྲིད་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཐོག་གོ་མེད་ཚོར་མེད་དུ་བསྡད་ཚེ། བོད་མིའི་རང་དབང་བསྐྱར་གསོའི་འགོག་རྐྱེན་ཞིག་ཡིན་པར་ངོས་འཛིན་མཛད་ཀྱི་འདུག
རང་ངོས་ནས་ཀྱང་དེ་རང་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་བོད་མི་ཚོས་དབུ་མའི་ལམ་བཞག་ནས་རང་བཙན་གྱི་ལམ་ལ་ཕྱིན་པ་ཡིན་ན། རྒྱ་རིགས་ཧ་ཅང་མང་པོས་མོས་མཐུན་མེད་པ་ནི་གསལ་པོ་རེད། དེ་ནི་བོད་ནང་གི་བོད་མི་རྣམས་རང་དབང་བྲལ་ནས་གཉའ་གནོན་མྱོང་བཞིན་པའི་ད་ལྟའི་གནས་སྟངས་འགྱུར་བ་གཏོང་རྒྱུར་ཕན་ཐོགས་གང་ཡང་མེད་པ་ཞིག་རེད། དམངས་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་འདྲ་མིན་ཡོད་པར་ཞེད་སྣང་དང་། ཡ་མཚན་དགོས་དོན་མེད། ནང་ཁུལ་ཚོགས་འདུ་དང་གྲོས་བསྡུར་སྐབས་བོད་མིར་ཕན་ཐོགས་ཆེ་ཤོས་ཀྱི་ལམ་ག་རེ་ཡིན་མིན་བགྲོ་གླེང་བྱེད་ཆོག ཡིན་ནའང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་བོད་མི་མང་ཆེ་བས་རྒྱབ་སྐྱོར་ཡོད་པའི་སྤྱི་པའི་སྲིད་བྱུས་ལ་ཚིག་མཚོན་བཏབ་པ་དང་། རང་བཙན་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་སེམས་ཤུགས་མེད་མཁན་རེད་མདོག་མདོག་གི་ཧ་ཅང་ཚོར་ཤུགས་ཆེ་བའི་ལྟ་ཚུལ་དེ་ཚོ་ནི་བོད་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་མེད་པ་ཞིག་རེད། བོད་རིགས་ནི་རྒྱ་རིགས་དང་གཏན་ནས་མི་འདྲ་བའི་མི་རིགས་ཤིག་ཡིན་པས་མི་རིགས་འདི་ལ་མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་རང་ཆས་སུ་ཡོད་པ་འདི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། སྲུང་སྐྱོབ་བྱེད་དགོས་པ་ཞིག་རེད། འོན་ཀྱང་དོན་དངོས་ལག་ལེན་གྱི་ཐོག་ནས་བཤད་ན། བོད་མི་རིགས་ཧྲིལ་པོའི་ཐུན་མོང་གི་ཁེ་ཕན་ཆེད་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་མངོན་འགྱུར་བྱུང་ཚེ། རང་ཆས་སུ་ཡོད་པའི་རང་ཐག་རང་གཅོད་ཀྱི་ཁེ་དབང་དེ་ཡིན་གཅིག་མིན་གཉིས་ཆབ་སྲིད་ཀྱི་དངོས་དོན་དུ་སྒྱུར་དགོས་པའི་ངེས་པ་མེད། ཅེས་གསུངས།
གསུང་བཤད་དང་། དྲི་བ་དྲིས་ལན་གྲུབ་རྗེས་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང་། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ནས་རྒྱ་རིགས་ཤེས་ཡོན་ཅན་ཁོང་གསུམ་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་མཇལ་དར་ཕུལ་བ་དང་བསྟུན་དེ་ཉིན་གྱི་ཚོགས་འདུ་རེ་ཞིག་མཇུག་སྒྲིལ་གནང་ཡོད།