༢༠༡༠ ཟླ་ ༨ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭའི་མཆོད་ཁང་སྟེང་ཤོད་དབུ་འབྱེད་དང་སྦྲགས་སློབ་གྲྭའི་ཚོགས་ཁང་དུ་སེར་བྱེས་འབྲིང་རིམ་སློབ་གྲྭས་་གོ་སྒྲིག་ཐོག་དགེ་ལས་སློབ་ཕྲུག་ཚོར་ལམ་སྟོན་གསུང་བཤད་གནང་ཡོད།དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༥ ཐོག་བཀའ་ཁྲི་མཆོག་སེར་བྱེས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཕེབས་བསུ་དང་སྦྲགས་སློབ་གྲྭའི་མཆོད་ཁང་སྟེང་ཤོད་དུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་དང༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དབུ་འབྱེད་གྲུབ་བསྟུན་སློབ་ཕྲུག་ཡོངས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་སེ་བྱེས་སྨད་གཉིས་ཀྱི་མཁན་པོ་ལས་ཟུར་རྣམ་པ་དང་། གྲྭ་ཚང་གི་དབུ་མཛད་དགེ་བསྐོས། གྲྭ་ཚང་ཁག་གི་གྲོས་ཚོགས་འཐུས་མི། ཁང་ཚན་དགེ་རྒན། ས་གནས་འགོ་འཛིན། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འགན་འཛིན། དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༧༠༠ བརྒལ་བ་ལྷན་འཛོམས་ཐོག་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་མཚམས་སློབ་སྤྱི་རིན་ཆེན་ཚེ་རིང་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་སྙིང་བསྡུས་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་ཐོག་མར་མཁན་ལས་ཟུར་རྣམ་པ་དང་། དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་རྗེས་གསུང་བཤད་ཀྱི་སྙིང་བསྡུས། སློབ་ཕྲུག་ཚོས་སློབ་གྲྭ་འདིའི་སྤྱི་ཚོགས་ཚན་རིག་སོགས་ག་རེ་སློབ་སྦྱོང་བྱས་པ་ཡིན་ནའང་། མ་འོངས་པར་གཞུང་ཆེན་མོ་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་དུ་འགྱུར་བ་ཞིག་བྱེད་དགོས། བོད་ནང་ཁྱེད་རང་ཚོ་དང་ལོ་ན་མཉམ་པའི་ཕྲུ་གུ་ཚོར་ཤེས་ཡོན་གོ་སྐབས་ཆ་ཚང་བ་ཞིག་ཐོབ་ཀྱི་མེད་པ་མ་ཟད་། ཐོབ་པ་དེ་ཚོ་ཡང་རྒྱ་སྐད་དང་རྒྱ་ཡིག་ལམ་ནས་དེང་དུས་ཀྱི་ཤེས་ཡོན་རྐྱང་པ་ཞིག་མ་གཏོགས་ནང་དོན་རིག་པ་སློབ་སྦྱོང་བྱེད་རྒྱུ་མེད་པས་ཤེས་ཡོན་གོ་སྐབས་དེ་ཆུད་ཟོས་མི་འགྲོ་བ་བྱེད་དགོས། ལྷག་པར་དུ་ཐོས་བསམ་སྒོམ་གསུམ་བྱེད་པར་གྲུབ་མཐའི་བསླབ་པ་མཐར་ཕྱིན་དགོས་པ་དང་།
གྲུབ་མཐའ་དང་གཞུང་ལུགས་ལ་མ་སྦྱང་པར་ཉམས་ལེན་བྱ་ཐབས་མེད་སྐོར་གསུང་བཤད་གནང་གྲུབ་བསྟུན་སློབ་ཕྲུག་ཚོས་དྲི་བར་ལན་འདེབས་ཀྱང་གནང་རྗེས་སློབ་གྲྭའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། སེར་བྱེས་སློབ་འབྲིང་འདིར་ད་ཡོད་དགེ་རྒན་གྲངས་ ༤༠ དང་སློབ་ཕྲུག་གྲངས་ ༦༣༠ ཡོད་ཅིང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ (CBSE) ནང་ཞུགས་ཏེ་རྒྱ་གར་དབུས་གཞུང་བོད་སློབ་འཛིན་ཚོགས་ཀྱི་ (CTSA) ངོས་འཛིན་ཐོབ་པའི་དགོན་པའི་སློབ་གྲྭ་ཐོག་མ་དེ་ཡིན་འདུག་པ་བཅས།།