༢༠༡༤ ཟླ་ ༩ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་ཉིན་བཞི་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་རྗེས་གནས་ཡུལ་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་རྒྱལ་དོན་འཚམས་གཟིགས་ལ་འབྱོར་གྱི་ཡོད་པར་བརྟེན། བོད་ནང་ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དཀའ་རྙོག་སེལ་ཐབས་དང་། བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་སྐོར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་དགོངས་ཚུལ་ཇི་ཡོད་ལྷུག་འདོན་ཡོང་སླད་གྲོས་ཚོགས་ནང་བགྲོ་གླེང་དགོས་པའི་གྲོས་འཆར་ཆེད་གཞུང་འབྲེལ་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏོན་ཏེ། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་། གྲོས་ཆོད་དེ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༢༨ ཀྱིས་ཆ་ཤས་བླངས་ཏེ་དགོངས་ཚུལ་གསུངས་པ་དང་ལྷན་བགྲོ་གླེང་ལྷུག་པོ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཞི་ཅིན་ཕིན་གྱི་གཟིགས་སྐོར་ཐད་གསུང་བཤད་གནང་དོན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གྱི་སྲིད་བློན་མོ་དྷེ་ཡི་(Narendra Modi)འཁྲུངས་སྐར་དང་སྟབས་བསྟུན་ཏེ། ཕྱི་ཚེས་ ༡༧ ཉིན་རྒྱ་གར་ནང་འབྱོར་ཡོད་པ་དང་། ཉིན་གྲངས་ ༣ རིང་ཞི་ཅིན་ཕིང་རྒྱ་གར་ནང་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་གཞུང་ངོས་ནས་ཀྱང་ཚོང་འབྲེལ་སོགས་སྤྱི་ཡོངས་ཀྱི་ཐོག་འབད་བརྩོན་གནང་དང་གནང་མུས་རེད། བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་མཐུན་ལམ་ཡག་པོ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་དཀར་ནག་བར་མཐུན་ལམ་ཡག་པོ་བྱུང་ན་བོད་དོན་ལའང་ཕན་གྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཉིན་གྲངས་ ༣ རིང་ཞི་ཅིན་ཕིང་རྒྱ་གར་གྱི་ས་ཁུལ་ཁག་གཅིག་ནང་འཚམས་གཟིགས་གནང་གི་ཡོད་སྟབས། རྒྱ་གར་རྒྱལ་ཁབ་གཅིག་ནང་མི་རིགས་འདྲ་མིན་དང་སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད་ནའང་། རང་དབང་གི་གཞི་རྩར་བརྟེན་ནས་ཚང་མ་ཆིག་སྒྲིལ་ཐོག་གནས་ཐུབ་པའི་སློབ་གསོ་དེ་ཞི་ཅིན་ཕིང་གིས་ལེན་ཐུབ་པའི་རེ་བ་ཡོད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་སྲིད་བྱུས་དེ་མི་རབས་ནས་མི་རབས་སུ་གནས་ཡོད་ཀྱང་། མི་རབས་གསུམ་པའི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་བཞིན་པ་དེ་རང་དབང་མེད་པར་བརྟེན་ནས་བྱུང་བ་ཡིན་སྟབས།
རང་དབང་དང་མི་རིགས་མཐུན་སྒྲིལ་ཐོག་གནས་བཞིན་ཡོད་པའི་རྒྱ་གར་ནི་སློབ་གསོ་རྩ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་བོད་ཕྱི་ནང་གཉིས་ནས་བོད་མི་ ༡༣༠ ཡིས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་མི་ ༡༡༢ འདས་གྲོངས་སུ་གྱུར་ཡོད། ཁོང་རྣམ་པས་རང་སྲོག་ཚུན་ཆད་བློས་བཏང་དགོས་དོན་ནི་བོད་སྤྱི་ཡོངས་ཀྱི་སྲིད་བྱུས་གུ་ཡངས་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད། རྒྱ་དཀར་ནག་གི་འབྲེལ་བ་བཟང་དུ་འགྲོ་དགོས་པའི་བརྒྱུད་ལམ་དེ་བོད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་གཞུང་ངོས་ནས་ཀྱང་བོད་དོན་གླེང་སློང་ཡོང་བའི་རེ་བ་ཡོད། དེ་ཙམ་ལས་མང་པོ་ཞིག་ཞུ་མ་དགོས་ན་བསམ་ཡོད། གང་ཡིན་ཟེར་ན། དེ་རིང་བགྲོ་གླེང་བྱེད་པའི་དུས་ཚོད་འདི་ཏོག་ཙམ་སྔ་མ་དྲགས་ན་འཕྱི་མ་དྲགས་པའི་ཚོར་བ་ཞིག་བཀའ་ཤག་ལ་བྱུང་། ཞེས་དང་། ལྷག་པར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར་དང་། ཞི་ཅིན་ཕིང་གི་གཟིགས་སྐོར་དང་བསྟུན་ནས་ལས་འགུལ་གང་སྤེལ་ཡང་ཞི་བ་དང་ཆེ་མཐོང་ལྡན་པ། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ཐོག་ནས་སྤེལ་དགོས་པའི་འབོད་སྐུལ་ཡང་གནང་འདུག