༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༡༽སྔོན་གླེང་།
ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༨ ནས་ ༡༩ བར་ཨི་ཌ་ལིའི་རྒྱལ་ས་རོམ་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ།
བོད་མི་ཚོར་རང་གི་ངོས་འཛིན་དང་། ལེགས་བྱང་། འཚོ་བ་སྐྱེལ་སྟངས་བཅས་ཀྱི་ཐོབ་ཐང་ཡོད་པ་དེ་དག་སྲུང་སྐྱོབ་བྱ་རྒྱུ།
བོད་མི་རིགས་དང་། དེ་བཞིན་ཁོང་ཚོས་༸གོང་ས་མཆོག་གི་དབུ་ཁྲིད་འོག་འཚེ་མེད་ཞི་བའི་ལམ་ཕྱོགས་འདེམས་ཀ་བྱས་པར་རྒྱབ་སྐྱོར་བསྐྱར་ནན་ཞུ་རྒྱུ།
གྲོས་ཚོགས་ཁག་དང་དེ་དག་གི་ཚོགས་ཆུང་ཁག་ནས་གཞུང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནང་བོད་ཀྱི་དཀའ་སྡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བོད་མི་རིགས་ལ་ཕན་པའི་སྲིད་བྱུས་གཏན་འབེབས་བྱ་རྒྱུར་གལ་ཆེའི་ལས་འགན་སྒྲུབ་ཀྱི་ཡོད་པའི་ནན་བཤད་བྱ་རྒྱུ།
འདས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞིའི་སྐབས་གཏན་འབེབས་བྱུང་བའི་གྲོས་ཆོད་དང་། ལས་དོན་འཆར་གཞི་ཁག དེ་དག་ལག་བསྟར་བྱས་པའི་བརྒྱུད་རིམ་ཁྲོད་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པར་གྲུབ་འབྲས་ཇི་སོན་བཅས་ལ་དྲན་གསོ་བྱ་རྒྱུ།
བོད་ཀྱི་གནད་དོན་སེལ་ཐབས་ཏེ། བོད་མི་རྣམས་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་སྤྱོད་དབང་ཡོང་བའི་འགན་སྲུང་བྱ་རྒྱུའི་ཐད་ལས་དོན་བསྒྲུབ་རྒྱུ
༢༽གནས་ཚུལ་ཤེས་རྟོགས་ཇི་བྱུང་། ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འཚོགས་པ་ཚུན་བོད་ནང་གི་གནས་སྟངས་ཇེ་ཞན་དུ་ཕྱིན་ཡོད་པ་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་བོད་མིའི་ཐོག་གདུག་རྩབ་ཆེ་བའི་བྱེད་ཐབས་སྤྱད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། དེ་བཞིན་གང་ཉིད་ཀྱིས་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་འབད་བརྩོན་གནང་བར་ལྟ་ཕྱོགས་མཁྲེགས་བཟུང་བྱེད་ཀྱི་ཡོད་པར་བརྟེན་ནས་ཡིན་པ་ཤེས་རྟོགས་བྱུང་།
ཕྱི་ལོ་༢༠༠༨ ཟླ་༣ ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་གཞུང་གི་འཛིན་པའི་བཙན་གནོན་གྱི་སྲིད་བྱུས་འོག་དཀའ་སྡུག་དང་། དེར་ངོ་རྒོལ་ཡོད་པ་སྟོན་ཆེད་སྔར་གྲགས་མ་མྱོང་བའི་ཞི་བའི་ལས་འགུལ་ཤུགས་ཆེན་སྤེལ་བར་བློ་སྤོབས་སྐྱེ་བྱུང་།
བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་དྲག་གནོན་ནན་པོ་བྱས་པ་དང་། ཁུངས་སྐྱེལ་ཡིག་ཆར་གཞིགས་ན་བོད་མི་རྣམས་ཀྱིས་་བརྗོ་རང་དབང་དང་། ཆོས་ལག་ལེན་བྱེད་པ། དེ་བཞིན་འདུས་འཛོམ་གནང་རྒྱུ་སོགས་ཀྱི་རང་དབང་བེད་སྤྱད་པར་རྟེན་བོད་མི་གྲངས་ ༧༣༥ བཀག་ཉར་བྱས་ཡོད་པར་སེམས་འཚབ་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ནང་འགན་དབང་འཁྱེར་ཐུབ་པའི་སྤྱི་ཚོགས་ཤིག་ཡིན་པའི་ངོས་འཛིན་ཡོང་ཐབས་ལ་འབད་བཞིན་ཡོད། དེ་ལྟ་བུའི་ངོས་འཛིན་དགོས་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་གསལ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་། རང་རེའི་འཛིན་སྐྱོངས་འོག་ཡོད་པའི་མི་མང་ལ་གུས་བརྩི་དང་ཁོང་ཚོར་རྒྱལ་སྤྱིའི་གཏན་འབེབས་ཚད་གཞི་དང་མཐུན་པའི་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པ་དེ་ཤེས་དགོས་པ་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་པ་ཡིན་སྟབས། བོད་མིའི་ཁྲིམས་མཐུན་གྱི་ཞུ་འབོད་ལ་རྒྱལ་སྤྱིའི་ཚད་དང་ལྡན་པའིི་དྲང་བདེན་གྱི་ལམ་རྒྱུད། ཆོས་དད་རང་མོས་དང་། ་བརྗོད་རང་དབང་། བོད་མིའི་ངོས་འཛིན་དང་ལེགས་བྱང་། འཚོ་བ་སྐྱེལ་སྟངས་བཅས་ལ་ལྷག་བསམ་ངང་སྲུང་སྐྱོབ་བྱེད་དགོས་པའི་འོས་འགན་ཡོད། དེ་བཞིན་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་དགོས་པའི་འགན་དཀྲི་ཡང་ཡོད་པའི་ངོས་འཛིན་བྱ་རྒྱུ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་འགན་འཛིན་ལས་ཁུངས་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ངོ་རྒོལ་ཚོགས་ཆུང་། དེ་བཞིན་གཞུང་དང་གཞུང་འཛིན་མིིན་པའི་ཚོགས་པ་ཁག་ནས་བཏོན་པའི་ཡིག་ཆ་ཁག་ནང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གོ་རིམ་བཞིན་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་བྱ་རྒྱུ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ཡུལ་སྲོལ་གོམས་གཤིས་ཀྱི་གཞི་རྩའི་ཐོབ་ཐང་དང་འབྲེལ་བའི་ཡིག་ཆ་ལ་མོས་མཐུན་གྱི་མིང་རྟགས་བཀོད་ཡོད་ནའང་། རྒྱ་གཞུང་གིས་བོད་མིའི་ཐོག་དེ་དག་ལག་བསྟར་མི་བྱེད་པ་ནི་བོད་མིའི་འདོད་བློ་མ་ཁེངས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་ངོས་ལེན་བྱ་རྒྱུ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་མང་སྤྱི་དང་ཆབ་སྲིད་ཀྱི་ཐོབ་ཐང་བཅའ་ཡིག་ལ་མོས་མཐུན་གྱི་མིང་རྟགས་བཀོད་དགོས་པའི་འབོད་སྐུལ་བྱ་རྒྱུ། བོད་ཀྱི་གནམ་གཤིས་ཚ་དྲོད་ལ་གནོད་འཚེ་ཕོག་བྱུང་ན་ཨེ་ཤི་ཡའི་རྒྱལ་ཁབ་དུ་མའི་ནང་མི་ཐེར་འབུམ་མང་པོའི་འཚོ་གནས་ལ་གནོད་འཚབ་ཡོང་ངེས་ཡིན་ཞིང་། དེར་རྟེན་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གིེ་ཚ་དྲོད་ཚོད་འཛིན་བྱེད་རྒྱུའི་སྲིད་ཇུས་ལག་ལེན་ཡོང་རྒྱུར་བོད་མིའི་ཉམས་མྱོང་དང་མཉམ་ཞུགས་ཡོང་རྒྱུ་དེ་གལ་གནད་ཆེན་པོར་མངོན།
སྐྱབས་བཅོལ་ནང་བོད་མིའི་སོ་སོའི་ཁྱད་ཆོས་ལྡན་པའི་ངོ་བོ་མི་ཉམས་པའི་འབད་བརྩོན་དང་། བོད་མིའི་བདེ་སྡུག་གི་ཆེད་གཞུང་དང་རྒྱལ་སྤྱིའི་མི་མང་རྣམས་ནས་དཔལ་འབྱོར་ལ་སོགས་པའི་རྒྱབ་སྐྱོར་གནང་གལ་ཆེ་བ་དང། ལྷག་པར་དུ་རྒྱ་གར་གཞུང་དང་མི་མང་བཅས་ནས་གང་ཅིའི་ཐད་རྒྱབ་སྐྱོར་ཚད་མེད་གནང་ཡོད་པར་ངོས་འཛིན་ཞུ་རྒྱུ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་བརྒྱུད་བསྒྲགས་བྱས་པ་རྣམས་རྒྱ་མིར་ངོ་རྒོལ་བྱེད་པ་ཞིག་ནམ་ཡང་མིན། འདི་ནི་བོད་རྒྱ་མི་རིགས་གཉིས་གཅིག་གི་གཅིག་ལ་གུས་བརྩི་དང་འབྲེལ་བའི་མཉམ་གནས་ཐུབ་པའི་ཐབས་ལམ་རྙེད་རྒྱུ་ཡོད་པ་ཞིག་ངོས་འཛིན་གྱི་ཐོག་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ཞིག་ཡིན།
ལོ་བདུན་གྱི་ནང་གྲོས་མོལ་ཐེངས་བརྒྱད་བྱས་རྗེས་༸གོང་ས་མཆོག་གི་སྐུ་ཚབ་ཚོས་བོད་མི་ས་ཡ་དྲུག་གི་མ་འོངས་པའི་སྐོར་ཡིན་ལུགས་དང་། རྒྱ་ནག་གཞུང་གི་གྲོས་མོལ་རྣམས་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་ལུགས་བརྗོད་པ་སོགས་ད་ལྟའང་ཕྱོགས་གཉིས་པོས་གྲོས་མོལ་གྱི་དམིགས་ཡུལ་ཚད་འཛིན་གང་ཡིན་མོས་མཐུན་ཐུབ་མེད་པར་སེམས་འཚབ་ཡོད།
ཕྱི་ལོ་༢༠༠༨ ཟླ་༣ དོན་རྐྱེན་གྱི་ལོ་དེའི་ལོ་མཇུག་ཙམ་ལ་གྲོས་མོལ་གནང་ཐུབ་པ་བྱུང་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་སྒྲིག་འཛུགས་དང་སྲིད་གཞུང་ཁག་ནས་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་སྐོར་གཏམ་བཤད་དུ་མ་སྤེལ་བ་ལས་བྱུང་བ་ཞིག་ཡིན་པ་ངོས་འཛིན་ཞུ་རྒྱུ།
རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་བ་ལ་གྲོས་སྡུར་གྱི་འགྲོ་ལུགས་རྣམས་ཕྱི་གསལ་ནང་གསལ་ཡོང་གྱུར་འོས་འཚམས་ཀྱི་རྒྱལ་སྤྱིའི་བལྟ་ཞིབ་དགོས་གལ་མངོན།
༸གོང་ས་མཆོག་ནས་ཁ་ཞེ་གཉིས་མེད་ཀྱི་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཐུགས་རྩོལ་གནང་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་ཅིང་། ཁོང་གི་སྐུ་ཚབ་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་ཡོད་པ་དེ་ནི་༸གོང་ས་མཆོག་གི་ལྷག་བསམ་ནམ་དག་གི་སྒོ་ནས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་ཞིག་ཡོང་བའི་ཕུགས་འདུན་འཆང་གནང་གི་ཡོད་པའི་མཚོན་དོན་ཡིན་པ་ཐག་བཅད་ནས་བརྗོད་ཐུབ།
རང་སྐྱོང་ལྗོངས་ཀྱི་གནས་བབ་ཡོད་པའི་ཨི་ཌ་ལིའི་ཀྲེརིན་ཏི་ནོ་སའོཏ་ཏེ་རོལ་ལྟ་བུ་འཛམ་གླིང་ཡུལ་གྲུ་ཁག་གི་ཉམས་མྱོང་ནས་གསལ་པོ་བསྟན་པ་ཞིག་ལ་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རང་བཞིན་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སོགས་ལོངས་སུ་སྤྱོད་རྒྱུའི་གཞི་རིམ་གྱི་རང་དབང་དང་། དེ་བཞིན་མངའ་ཁུལ་ཆིག་སྒྲིལ་ལ་གུས་བརྩི་བྱེད་བཞིན་གྲངས་ཉུང་མི་རིགས་རྣམས་ལ་རང་སྲིད་རང་སྐྱོང་གི་རང་དབང་ལོངས་སུ་སྤྱོད་རྒྱུར་མཐུན་རྐྱེན་སྦྱོར་ཚེས་མི་རིགས་དབར་གྱི་རྩོད་རྙོག་མེད་པར་གྱུར་ཐུབ།
གོ་བ་ལོག་པ་དང་རྩོད་གཞི་མེད་པ་བཟོ་རྒྱུའི་ཐད་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་རིང་ཐང་ཆེ་བའི་ཆ་ཤས་བླངས་ཐུབ་རྒྱུ་ཡིན་ཞིང་། རྒྱ་ནག་ནང་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་༸གོང་ས་མཆོག་ལ་འཚེ་བ་མེད་པའི་དབུ་ཁྲིད་ཀྱི་མཛད་འགན་བཞེས་རྒྱུའི་གདེང་སྤོབས་ཡོད་པ་ནན་བཤད་ཞུ་རྒྱུ།
འདས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚང་མའི་གྲོས་ཆོད་དང་སྤྱི་བསྒྲགས་རྣམས་སྐྱར་དུ་གཏན་འབེབས་བྱེད་པ་དང་། ཆབས་ཅིག་༸གོང་ས་མཆོག་དང་བཙན་བྱོལ་གཞུང་གཉིས་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པ་ངོས་འཛིན་བྱ་རྒྱུ།
༣༽ལས་དོན་ཞུ་བྱ། གོང་གསལ་རྒྱུ་མཚན་ལ་བརྟེན་ནས་ཚོགས་འདུ་འདིས་གྲོས་ཆོད་འཇོག་རྒྱུར།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནི་དངོས་ཡོད་གནས་ཚུལ་དང་ཡོངས་སུ་མཐུན་འདུག་པར་དེ་གཞི་རྩར་བཞག་པའི་ཐོག་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་དོན་སྙིང་ལྡན་པའི་གྲོས་ མོལ་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་མིའི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་བཅས་ལ་གུས་བརྩི་དང་། བོད་མིའི་ད་ལྟ་དང་མ་འོངས་པའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་རིགས་ལ་བོད་མིའི་མཉམ་ཞུགས་ངེས་པར་དུ་དགོས་པའི་སྲིད་གཞུང་ཁག་ནས་རྒྱ་ནག་གཞུང་ལ་སྐུལ་མ་བྱ་དགོས་པའི་གཞེན་སྐུལ་ཞུ་རྒྱུ།
འབྲེལ་མོལ་བསྐྱར་གསོ་དང་ཕྱི་གསལ་ནང་གསལ་ཡོང་རྒྱུའི་འགན་སྲུང་སླད། ཕྱོགས་གསུམ་པ་ཞིག་ནས་བར་ཞུགས་གནང་གལ་ཆེ་བའི་སྲིད་གཞུང་ཁག་ནས་ངོས་བཞེས་ཡོང་བའི་སྐུལ་མ་བྱ་རྒྱུ།
བོད་ནང་གནམ་གཤིས་འགྱུར་འགྲོས་དང་འབྲེལ་བའི་དཀའ་ངལ་ཁག་ལ་འཛམ་གླིང་རྒྱལ་ཁབ་ཡོངས་ནས་མཉམ་ཞུགས་བྱས་ཏེ་གདོང་ལེན་བྱ་ཐབས་སླད་རྒྱལ་ཁབ་མང་པོ་མཉམ་འདུས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ཤེས་འཚོལ་དགོས་ཐོག དེའི་ནང་བོད་མིའི་མཉམ་ཞུགས་ངེས་པར་ཡོང་དགོས་པ་ཞིག་ཡོང་བའི་བློ་སྤོབས་སྤེལ་རྒྱུ་དང་། དེར་དམིགས་ཏེ་ཚོགས་འདུ་འདིའི་འཐུས་མི་རྣམས་ཀྱིས་ཀོ་པན་ཧེ་གན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་འགྲོས་ཀྱི་ཚོགས་འདུའི་སྔོན་ ༼སྣེ་གསུམ་པ་༽ ཞེས་པ་བོད་དེ་གནད་འགག་ཆེན་པོ་ཡིན་པ་བསྟན་རྒྱུའི་ཡིག་ཆ་ཞིག་སྤེལ་རྒྱུ།
༸གོང་ས་མཆོག་ནས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་སྐབས་གང་ཉིད་ལ་འོས་འཚམས་སྣེ་བསུ་ཡོང་བ་བྱ་རྒྱུའི་སླད་འབྲེལ་ཡོད་སྲིད་གཞུང་དང་སྒྲིག་འཛུགས་སོ་སོར་འབྲེལ་བ་བྱ་རྒྱུ།
བོད་མིར་ཐོབ་ཐང་དང་། བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཀྱི་སྲིད་བྱུས་རྣམས་དོན་འཁྱོལ་སླད་སྲིད་གཞུང་ཁག་གིས་ལས་འགུལ་སྤེལ་ཕྱོགས་དགོས་པའི་ཐག་གཅོད་བྱ་རྒྱུ།
སྲིད་གཞུང་གི་འཛིན་སྐྱོང་སྡེ་ཚན་ནང་བོད་གནས་ཐོག་ལས་དོན་གནང་མཁན་གྱི་ལས་ཁུངས་ཟུར་འཛུགས་ལྟ་བུའི་བོད་གནས་ཁྱབ་སྤེལ་དང་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལག་བསྟར་རྒྱུན་འཁྱོང་ཡོང་ཐབས་སླད་གཞུང་གི་སྒྲིག་འཛུགས་ནང་ནུས་པ་བསྐྲུན་རྒྱུ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་མི་རྣམས་ངོས་འཛིན་ཐོག་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གོ་བསྡུར་གྱིས་དྲུང་ཆེ་ལས་ཁུངས་ཤིག་ཟུར་འཛུགས་བྱས་ཏེ། གྲོས་ཚོགས་འཐུས་མིའི་ཚོགས་པ་ནང་ཁུལ་འབྲེལ་མཐུད་དང་། ལེགས་ཆ་ལེན་རེས་སོགས་རྒྱལ་སྤྱིའི་ནང་ཚུལ་མཐུན་གྱི་རྒྱབ་སྐྱོར་བསྐྲུན་ཏེ་གཤམ་གསལ་ལས་དོན་ཁག་འཕྲལ་དུ་བྱ་དགོས་པ་ཡིན།
ཀ༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་སྤྱི་བསྒྲགས་ཀྱི་ནང་དོན་གསལ་བའི་གྲོས་འཆར་དང་། གྲོས་གཞི་སོགས་གྲོས་ཚོགས་སོ་སོའི་ནང་འདོན་གནང་མཛད་རྒྱུ།
ཁ༽ བོད་ཐོག་འཛིན་སྤེལ་བྱེད་བཞིན་པའི་རྒྱལ་ཁབ་སོ་སོའི་ཡུལ་བབ་ཀྱི་ཆབ་སྲིད་དང་འཛུགས་སྐྲུན། དཔལ་འབྱོར་གྱི་རོགས་རམ། བདེ་སྲུང་། ཁོར་ཡུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་སོགས་ཀྱི་སྲིད་བྱུས་རྣམས་ཕྱོགས་མང་འབྲེལ་བའི་ གླེང་སྟེགས་ལྟ་བུར་གསལ་བཤད་གནང་དགོས་པའི་འབོད་སྐུལ་བྱ་རྒྱུ།
ག༽ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བོད་ནང་དང་། བཙན་བྱོལ་ནང་སྔ་རྗེས་སུ་འབྱོར་བ་བཅས་ཀྱི་བོད་མིའི་སྤྱི་ཚོགས་ལ་མངོན་གསལ་དོད་པོའི་རོགས་རམ་གྱི་ལས་གཞི་ཐོབ་ཐབས་བྱ་རྒྱུ།
ང༽ རྒྱ་ནག་གི་གྲོས་ཚོགས་འཐུས་མི་རྣམས་དང་ཕན་ཚུན་ཉམས་མྱོང་ལེན་རེས་དང་། རྒྱ་རིགས་མི་མང་མཉམ་འབྲེལ་ཟམ་འཛུགས་རྒྱུའི་ལས་དོན་སྤེལ་རྒྱུ།
ཅ༽ རྒྱལ་ཁབ་དུ་མའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ནས་བོད་ཀྱི་འབྲོག་པ་དང་། ཆབ་སྲིད་བཙོན་པ་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད་བོད་ལ་འགྲོ་རྒྱུ།
ཆ༽ བོད་མིའི་སྐུ་ཚབ་དང་། དེ་བཞིན་རྒྱ་ནག་གཞུང་གི་མོས་མཐུན་བྱུང་ན་ཁོང་ཚོའི་སྐུ་ཚབ་བཅས་ནས་བོད་ཀྱི་ཆབ་སྲིད་དང་གཞིས་མིའི་གནས་སྟངས་སྐོར་ཕྱི་སྲིད་ལས་ཁུངས། ཡང་ན་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་མདུན་གོ་བསྡུར་ཉན་ཞིབ་ཀྱི་ལས་གཞི་ཞིག་གྲོས་ཚོགས་ནས་གོ་སྒྲིག་ཞུ་རྒྱུ།
དབྱིན་ཡིག་ནང་ཡོད་པ་དེ་རྩ་འཛིན་གནང་དགོས།