༢༠༡༤ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱལ་སྤྱིའི་ནང་བསྟན་སྨན་གླིང་གི་འགན་འཛིན་དགའ་ལྡན་ཚོགས་ཆེན་དབུ་མཛད་ཟུར་པ་དགེ་བཤེས་ནོར་བཟང་ལགས་ཐུན་མོང་གིས་གོ་སྒྲིག་འོག་ཨོ་སི་ཊོ་རི་ཡར་བཅའ་བཞུགས་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ཀྱིས་རྡ་ས་དང་ཉེ་འཁོར་གྱི་རང་རེའི་ས་གནས་ཁག་གི་དགེ་འདུན་རྣམ་པས་གཙོས་སློབ་ཕྲུག་དང། ལས་བྱེད། མང་ཚོགས་རྣམས་ལ་གཞི་རིམ་གྱི་ལུས་སྦྱོང་སློབ་ཁྲིད་དང་བླང་ཐོག་འགོ་འཛུགས་ཆེད་མེག་གྷན་དབུས་གཙང་ཆོལ་ཁའི་ཟ་ཁང་གི་ཡང་སྟེང་ཚོགས་ཁང་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དབུ་བཞུགས་ཐོག་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ཀྱིས་གཙོས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ཚེ་རྒྱལ་ལགས་དང་། ཟུང་དྲུང་མཐུ་སྟོབས་ལགས། རྡ་ས་ས་གནས་འགོ་འཛིན་བཅས་ནས་བོད་རིགས་གསར་འགོད་པ་ཚོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང།
དེ་ཡང་ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ། གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་དང་དགེ་བཤེས་ནོར་བཟང་ལགས་སུ་འཚམས་འདྲིའི་མཇལ་དར་གནང་སྟེ་གསུང་དོན། སྤྱིར་བཏང་རིན་པོ་ཆེ་མཆོག་གི་ལུས་སྦྱོང་སྐོར་དགའ་ལྡན་ཚོགས་ཆེན་དབུ་མཛད་ཟུར་པ་དགེ་བཤེས་ནོར་བཟང་ལགས་དང་ང་ཚོའི་བར་འབྲེལ་བ་བྱུང་སྟེ། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་ཡོད་པའི་བཀའ་མོལ་བྱུང་བ་ལྟར། འཕྲོད་བསྟེན་ལས་ཁུངས་ནས་རྐང་འགན་འཁུར་ཐོག་རིན་པོ་ཆེ་རྒྱ་གར་ནང་ཕེབས་པ་དང་སྟབས་བསྟུན་ཏེ་ལུས་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ད་ལྟ་རིན་པོ་ཆེས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ལས་རིམ་མང་པོ་ཞིག་སྐྱོང་གི་ཡོད་སྟབས། སྤྱིར་རྒྱ་གར་ནང་ལུས་སྦྱོང་ཐོག་ལ་སློབ་སྟོན་བྱེད་མཁན་མང་པོ་ཡོད་ཀྱང་། ང་རང་ཚོའི་སྤྱི་ཚོགས་ཀྱི་བོད་རིགས་ཤིག་གིས་འཛམ་གླིང་ཐོག་སྐད་གྲགས་ཐོན་པའི་ལུས་སྦྱོང་ཐོག་ལམ་སྟོན་གནང་གི་ཡོད་པ་ནི། ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཆགས་ཡོད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་དང་དགེ་བཤེས་ནོར་བཟང་ལགས་ཐུན་མོང་ཐོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད། ཅེས་སོགས་ངོ་སྤྲོད་གནང་།
དེ་ནས་དགེ་བཤེས་ནོར་བཟང་ལགས་ཀྱིས་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་དོན། གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ནི། ཕྱི་ལོ་ ༡༩༧༦ ཟླ་ ༡༢ ཚེས་ ༡ ཉིན་མདོ་སྨད་རྔ་པ་བསུ་བ་ཡུལ་ཚོའི་དཀོན་ཚང་ཞེས་པར་འཁྲུངས་ཤིང་། དགུང་ལོ་ ༧ ལ་སོན་སྐབས་གྲྭ་སར་ཞུགས་པ་དང་། དགུང་ལོ་ ༡༣ ཐོག་ཨ་མཆོག་རིན་པོ་ཆེའི་སྐྱེས་བཟང་འཁྲུལ་མེད་དུ་ཐུགས་ཐག་བཅད་དེ། ཨ་མཆོག་མཚན་ཉིད་དགོན་དུ་གྲྭ་སར་ཞུགས་ནས་གཞུང་ཆེན་ཁག་དང་གསོ་རིག་ལ་གསན་བསམ། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་ལ་ཕེབས་ཏེ་དགའ་ལྡན་ཤར་རྩེ་སོག་བ་ཁང་ཚན་གཞུང་ཆེན་ཐོས་བསམ་གནང་། དགུང་ལོ་ ༢༥ ཕེབས་སྐབས་ཇོ་ནང་མཁན་པོ་ཀུན་དགའ་ཕུན་ཚོགས་ཀྱི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྒོམ་རིམ་སོགས་ལ་གསན་པ་དང་། དགུང་ལོ་ ༢༧ སྐབས་བཀའ་བརྒྱུད་པའི་མཁན་པོ་ཨ་ཆོས་རིན་པོ་ཆེའི་མདུན་ནས་རོ་ཆོས་དྲུག་གི་བསྐྱེད་རྫོགས་ཀྱི་ལམ་མཐའ་དག་གསན་བསམ་ཐོབ་པ་མ་ཟད། མཁན་པོ་ཨ་འདུས་ཀྱི་མདུན་ནས་མཁའ་འགྲོ་ནེ་གུ་མའི་བསྐྱེད་རྫོགས་ཀྱི་ལམ་མཐའ་དག་གི་ཁྲིད་ལུང་དང་། ནེ་གུ་མ་དང་ན་རོ་ཆོས་དྲུག་གི་ལུས་སྦྱོང་འཁྲུལ་འཁོར་གྱི་གནད་གསང་མཐའ་དག་བཀའ་བརྒྱུད་ཀྱི་ཕྱག་བཞེས་ཇི་བཞིན་ལ་གསན་སྦྱོང་གནང་། ཕྱི་ལོ་ ༢༠༠༥ ལོར་ཡུ་རོབ་ཁུལ་དུ་ཕེབས་ནས་རྒྱལ་སྤྱིའི་ནང་བསྟན་སྨན་གླིང་ཞེས་པའི་བོད་ཀྱི་ལུས་སྦྱོང་རིག་པའི་འཕྲོད་བསྟེན་ཚོགས་པ་ཞིག་ཨོ་སི་ཊོ་རི་ཡར་གསར་འཛུགས་གནང་སྟེ། རྒྱུན་ལས་ལས་མི་ ༡༥ དང་། རྒྱལ་ཁབ་ཁག་ ༡༠ ནང་ཡན་ལག་ཚོགས་པ་ ༡༥༠ ཟིན་ཏེ། ད་བར་བོད་ཀྱི་ལུས་སྦྱོང་རྩ་རླུང་འཁྲུལ་འཁོར་མཐར་ཕྱིན་དགེ་རྒན་ ༡༢༠༠ ལྷག་སྐྱེད་སྲིང་གནང་ཡོད། ཅེས་སོགས་འཁོད་འདུག
མཐར་གསར་འགོད་པས་རིན་པོ་ཆེར་ལུས་སྦྱོང་འདི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཞིག་ཡིན་སྟབས། དེ་སྔ་ནུབ་ཕྱོགས་མི་རིགས་ཚོར་ཁྲིད་སྤེལ་གནང་སྟེ། དགེ་རྒན་མང་པོ་ཞིག་སྐྱེད་སྲིང་གནང་ཡོད་པ་ལྟར། བོད་པའི་སྤྱི་ཚོགས་ནང་ཁྱབ་སྤེལ་དང་དགེ་རྒན་སྐྱེད་སྲིང་གནང་རྒྱུ་དམིགས་ཡུལ་ཡོད་མེད་ཀྱི་དྲི་བར། ཁོང་གིས་ལན་འདེབས་གནང་དོན། སྤྱིར་བཏང་ང་རང་ཆུང་དུས་ནས་ལུས་རྩལ་རིགས་ལ་ཧ་ཅང་དགའ་པོ་ཡོད། ལྷག་པར་བོད་པར་ཐུན་མོང་མ་ཡིན་པའི་ལུས་རྩལ་ཞིག་ཡོད་པ་ཧ་གོ་གི་ཡོད། དེར་བརྟེན་ངས་སྔོན་མ་ནས་བོད་པའི་སྤྱི་ཚོགས་ནང་ལུས་སྦྱོང་འདི་དར་ཁྱབ་འགྲོ་ཐུབ་ན་ཧ་ཅང་ཡག་པོ་འདུག་བསམ་ཡང་། ཇི་ལྟར་སློབ་ཁྲིད་བྱེད་དགོས་མིན་ཐོག་འཆར་གཞི་གང་ཡང་དྲན་མ་བྱུང་། སྔོན་མ་ང་རྒྱ་གར་ནང་ཡོང་སྐབས་གྲྭ་བཙུན་མང་པོ་ཞིག་གིས་སློབ་ཁྲིད་བྱེད་རོགས། ཞེས་རྗོད་མཁན་བྱུང་། དེ་ནས་ང་རང་གིས་བོད་པའི་སྤྱི་ཚོགས་ནང་དུའང་ལུས་སྦྱོང་ཁྲིད་ན་དོ་སྣང་ཡོང་ས་རེད་བསམ་ནས་སྤོབས་པ་ལྟ་བུ་བསླེབས་བྱུང་། ཕྱི་རྒྱལ་གྱི་མི་མང་པོ་ཞིག་གིས་ལུས་སྦྱོང་འདིར་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། མི་གཞན་ལ་ཁྲིད་སྟོན་གྱིས་འཚོ་བ་སྐྱེལ་བཞིན་ཡོད། ངའི་རེ་འདོད་ཆེ་ཤོས་ནི་བོད་པའི་བུ་ཕྲུག་ལོ་བཅུ་གྲངས་ཅན་མང་པོ་ཞིག་ལ་སློབ་ཁྲིད་བྱས་ཏེ། རྨང་གཞི་ཡག་པོ་འཇོག་ཐུབ་ན་མ་འོངས་པར། གཅིག་ནས་སོ་སོའི་འཚོ་བ་སྐྱེལ་ཐུབ་པ་ཙམ་མ་ཟད། གཉིས་ནས་བོད་པའི་རིག་གཞུང་ཁྱབ་སྤེལ་གཏོང་ཐུབ་པ་དང་། གསུམ་ནས་རང་གཞན་གཉིས་ཀྱི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་སོགས་ཀྱི་ལན་འདེབས་གནང་། རིན་པོ་ཆེས་ཕྱི་ཚེས་ ༡༤ ནས་བཟུང་བདུན་ཕྲག་གཅིག་རིང་རྡ་ས་ཁུལ་དང་སྦིར། ལྡི་ལི་བཅས་ནང་བོད་རིགས་དོན་གཉེར་ཅན་ཚོར་ལུས་སྦྱོང་སློབ་ཁྲིད་གནང་རྒྱུ་ཡིན་འདུག