༢༠༡༤ ཟླ་ ༩ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ནས ༢༤ བར་ཉིན་གྲངས་བཅུ་གཅིག་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་ནང་དབུ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན།
ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང། བོད་མི་མང་སྤྱི་འཐུས་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་ཚོགས་དུས་འདིའི་དུས་ཚོད་མང་ཆེ་བ་འཛིན་སྐྱོང་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ལས་དོན་གང་གནང་བའི་ལས་བསྡོམས་ཐོག་བགྲོ་གླེང་བྱ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་གནས་སྟངས་ཆགས་རྗེས་ད་ལྟ་བར་དུ་གྲོས་ཚོགས་ཚོགས་དུས་རིམ་པའི་ཐོག་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རང་སྲོག་ཡན་ཆད་བློས་གཏོང་གནང་མཁན་ཚོའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གྲོས་ཆོད་འཁྱེར་དགོས་ཐུབ་ཀྱི་ཡོད། ཕྱོགས་མཚུངས་བོད་རྒྱའི་དཀའ་རྙོག་ཛ་དྲག་ག་ཚོད་ཆགས་ཡོད་མེད་གྲོས་ཚོགས་ཀྱི་ལས་རིམ་ནང་ནས་མཚོན་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད།
ད་ལྟའི་དུས་ཚོད་འདིར་འཛམ་གླིང་ནང་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བ་སོགས་ཀྱི་ཐོག་ནས་འཁྲུག་ཆ་དོད་པོ་ཞིག་ཆགས་ཡོད། འཛམ་གླིང་ཁྱོན་ཡོངས་ལ་དམག་ཆེན་གཉིས་པའི་རྗེས་གནད་དོན་ཛ་དྲག་ཤོས་ལྟ་བུ་ད་ལྟ་ཆགས་བཞིན་པ་རེད། ལྷོ་ཤར་ཨེ་ཤི་ཡའི་དམག་འཁྲུག་གི་གནས༌སྟངས་ཀྱིས་མཚོན་ཨེ་ཤི་ཡའི་ནང་དུ་ཡང་རྒྱལ་ཁབ་ཕན་ཚུན་མནའ་སྦྲེལ་སྒྲིག་རྒྱུའི་ལོ་རྒྱུས་གསར་པ་ཞིག་འབྱུང་མུས་རེད། དེ་ལྟ་བུའི་གནས་སྟངས་མང་པོ་ཞིག་གི་འོག་ནས་བོད་པའི་གནད་དོན་ལ་དོ་སྣང་ག་ཚོད་ཙམ་ཞིག་སླེབ་མི་ཐུབ་པའི་རྒྱུ་གཅིག་ཆགས་ཀྱི་ཡོད། གང་ལ་ཞེ་ན། འཛམ་གླིང་གི་འགོ་ཁྲིད་དང་གསར་འགྱུར་བརྒྱུད་ལམ་ཁག་བཅས་ནས་ཛ་དྲག་གི་གནས་སྟངས་ལ་དོ་སྣང་ཆེ་བ་དང་། བོད་ལྟ་བུའི་ཧ་ཅང་དཀའ་ངལ་ཤུགས་ཆེན་པོ་ཡོད་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་འགྲོ་གི་ཡོད་པ་མ་ཟད། དེའི་ཐོག་ནས་དཀའ་ངལ་སེལ་ཐབས་བྱས་དང་བྱེད་མུས་ཀྱི་གནས་སྟངས་ལ་དོ་སྣང་ཆུང་བ་ལྟ་བུ་བྱེད་ཀྱི་ཡོད་པ་ནི་བློ་ཕམ་གྱིས་རང་བཞིན་ཆགས་ཀྱི་ཡོད། དེ་རིང་ང་ཚོ་གྲོས་ཚོགས་འཚོགས་བཞིན་ཡོད། ང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་འདིའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འབྱོར་གྱི་ཡོད། ཁོང་རང་གིས་སྲིད་འཛིན་གྱི་འགན་ཁུར་བླངས་ཏེ་རྒྱ་གར་ལ་ཡོང་བ་ཐེངས་དང་པོ་ཆགས་ཡོད། བོད་དོན་དང་འབྲེལ་བའི་དཀའ་རྙོག་གླེང་རྒྱུ་དང་། དེ་བཞིན་དོ་སྣང་ཡོང་ཆེད་འཛིན་སྐྱོང་བཀའ་ཤག་ངོས་ནས་ལས་འཆར་ཏན་ཏན་བང་སྒྲིག་གནང་ཡོད་ཀྱི་རེད་བསམ་གྱི་ཡོད། ཆབ་སྲིད་ཀྱི་འགན་དབང་ཡོད་པར་བརྟེན་གནང་དགོས་ཀྱི་ཡང་རེད།
གཞན་ཡང་ལས་རིམ་བང་སྒྲིག་པ་ལྟར་ཕྱག་བསྟར་ཡང་ཡོང་གི་རེད་བསམ་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ནང་སླེབས་སྐབས། སྤྱིར་རྒྱ་ནག་ནང་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། བཟང་ངན་གཉིས་ཐོག་ནས་འགྲེལ་བཤད་རྒྱག་མཁན་ཡང་ཡོང་གི་ཡོད། དེ་ལྟར་གང་ཡིན་ལ་མ་ལྟོས་པར་ང་རང་ཚོ་བོད་པའི་ལས་འགན་གཙོ་བོ་ནི། ད་ལྟ་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་དང་། མཐར་ཐུག་གི་བོད་དོན་བདེན་མཐའ་གསལ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བཟང་ཕྱོགས་ཐོག་ནས་བལྟས་ཏེ། བོད་དོན་ཐོག་རེ་བ་བཟང་ཕྱོགས་ཤིག་ནས་རྒྱག་རྒྱུ་དང་། དེ་རིང་རྒྱ་གར་ནང་སླེབས་སྐབས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ང་ཚོས་ཞུ་དོན་གཙོ་བོ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཙོས་འགོ་ཁྲིད་རྣམ་པས་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་གནང་དགོས་རྒྱུ་གལ་ཆེན་པོ་རེད་འདུག ལྷག་པར་སྲིད་འཛིན་རང་གིས་འགན་འཁུར་པའི་ཐོག་ནས་བོད་ནང་གི་གནས་སྟངས་ཞིབ་འཇུག་བྱ་རྒྱུ་དང་། མཐར་ཐུག་བོད་མིའི་དཀའ་ངལ་སེལ་རྒྱུ། མཐའ་བསྡོམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་གཉིས་ཕན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་གྲོས་ཚོགས་འདིའི་སྡིངས་ཆའི་ཐོག་ནས་ཞུ་འདོད་བྱུང་། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པ་གཞིར་བཟུང་། རྒྱ་ནག་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཚོར་བདག་པོ་བརྒྱབ་སྟེ། དེ་དག་གི་བདེ་སྡུག་ལ་བལྟ་དགོས་པ་མ་ཟད། དཀའ་ངལ་རྣམས་སེལ་དགོས།
ལྷག་པར་བདག་སྐྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་གྲོས་ཚོགས་འདི་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ཞུ་འདོད་བྱུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་སྙན་ཞུ་ཕུལ་ཡོད། སྙན་ཞུའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་དེ་སྤྱི་ཚོགས་རིང་ལུགས་འོག་ནས་ལྷ་ཡུལ་ལྟ་བུ་གྱུར་ཡོད། ཅེས་ཤོད་མུས་ལྟར་གྱུར་ཡོད་མེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཅིག་བོད་ནང་ཡོང་བཅུག་རོགས་ཞེས་ཞུས་ཡོད། འོན་ཀྱང་ད་བར་བཟང་ངན་གྱི་བརྡ་ལན་གང་ཡང་བྱུང་མེད། ང་ཚོའི་ངོས་ནས་དོན་དངོས་སུ་བོད་པའི་དཀའ་རྙོག་སེལ་ཆེད་རྒྱལ་སྤྱིའི་མི་སྣ་བོད་ནང་ཡོང་ཆོག་གི་མེད་ནའང་། ང་ཚོ་བོད་པ་རང་གིས་བོད་ནང་གི་གནས་སྟངས་རྟོག་ཞིབ་ཆེད་འགྲོ་བཅུག་རོགས། ཞེས་ལྷག་བསམ་རྣམ་དག་ཐོག་ནས་ཞུས་ཡོད་ཀྱང་ད་བར་ཡ་ལན་གང་ཡང་བྱུང་མེད། དེ་རིང་སྡིངས་ཆ་འདིའི་ཐོག་ནས་ཞུ་རྒྱུར། རྒྱ་གར་གཞུང་ལ་ང་ཚོས་ཡིད་ཆེས་བརྟན་པོ་ཡོད། བློས་ཆ་ཚང་བཀལ་གྱི་ཡོད། རྒྱ་གར་གཞུང་གིས་ད་བར་བོད་མིའི་དཀའ་རྙོག་དང་འབྲེལ་བའི་རོགས་རམ་མཐུན་འགྱུར་ཆ་ཚང་གནང་ཡོད། མ་འོངས་པར་ཡང་དེ་ལས་ལྷག་པ་མེད་ནའང་ཞན་དུ་འགྲོ་གི་རེད་བསམས་ཀྱི་མེད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་སླེབས་སྐབས་རྒྱ་གར་གྱི་ངོས་ནས་བོད་མིའི་རེ་བ་སྟོང་ཟད་དུ་གཏོང་གི་རེད། བསམ་པ་ནམ་ཡང་དྲན་གྱི་མེད། ཅེས་གསལ་པོ་ཞུ་རྒྱུ་ཡིན། རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་སླེབས་སྐབས་ཚོང་འབྲེལ་ཐོག་གནད་དོན་གཙོ་བོ་ཡོང་གི་རེད། དེ་མིན་ས་མཚམས་དང་བོད་པའི་གནད་དོན་ཐོག་གླེང་སློང་གནང་རོགས་ཞེས་ཞུ་རྒྱུ་ཡིན། གླེང་སློང་གནང་བའི་ཐོག་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་དུ་བཏང་སྟེ། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རམ་འདེགས་དང་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད།
དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་དམ་ཟབ་དང་ཡར་རྒྱས་ཡོང་རྒྱུར། བོད་པའི་དཀའ་རྙོག་སེལ་ན་དེ་ལྡེ་མིག་གཙོ་བོ་ཆགས་ཀྱི་ཡོད། དེར་བརྟེན་རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་ཚོས་རྒྱ་ནག་གི་འགོ་ཁྲིད་དང་མཉམ་ཐུག་འཕྲད་གནང་སྐབས་ང་ཚོས་རེ་བ་ཆེན་པོ་ཞུ་གི་ཡོད། ཅེས་ཞུ་འདོད་བྱུང་། བོད་ནང་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་མིང་བཏགས་ཏེ། བོད་ནང་ཡར་རྒྱས་ཀྱི་ལས་གཞི་མང་པོ་ཞིག་འགྲོ་ལམ་དང་མེ་འཁོར་ལྕགས་ལམ་སོགས་མང་པོ་ཞིག་བཟོས་ཡོད། དེ་དག་བོད་མིའི་ཆེད་མིན་པ་གསལ་པོ་རེད། དེས་རྐྱེན་པས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་གཞིའི་རྒྱུ་གཙོ་བོ་ཆགས་ཀྱི་ཡོད་པ་གསལ་པོ་རེད། བོད་ཀྱི་ཁོར་ཡུག་གཙང་མའི་ཐོག་རྨ་མང་པོ་ཞིག་བཟོ་བཞིན་ཡོད། འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ནས་རྨ་མང་པོ་ཞིག་བཟོས་ཀྱི་ཡོད། དེས་རྐྱེན་པས་ས་གནས་འཛིན་སྐྱོང་འགོ་ཁྲིད་པ་དང་བོད་མི་ཚོའི་དབར་འཁོན་འཛིན་ཆགས་ཀྱི་ཡོད། དེ་བཞིན་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཐོག་ནས་བོད་མི་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། ཆུ་རགས་རྒྱག་རྒྱུས་མཚོན་སྣོད་བཅུད་ལ་རྨ་མང་པོ་ཞིག་བཟོས་ཡོད། གཟུགས་པོ་ལྟ་བུར་མཚོན་ན། བོད་དེ་གཅོང་ནད་ཅན་ཞིག་ཏུ་འགྱུར་རྒྱུར་རྒྱ་ནག་གཞུང་གི་འཆར་གཞི་བསྒྲིགས་དང་སྒྲིག་བཞིན་པ་མ་ཟད། དེ་ལུགས་ལས་རིམ་ཡང་སྤེལ་དང་སྤེལ་མུས་རེད།
ལྷག་པར་བོད་ཀྱི་ཁོར་ཡུག་ཐོག་བར་ལམ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚན་རིག་སྡེ་ཚན་ཞིག་གིས་དེབ་གཅིག་འདོན་སྤེལ་གནང་ཡོད། དེའི་ནང་དངོས་ཡོད་ཀྱི་གནས་སྟངས་ཐོག་འདས་པའི་ལོ་བཅུའི་ནང་འགྱུར་བ་གང་འདྲ་ཞིག་ཕྱིན་ཡོད་མེད་ཆ་ཚང་ཞིག་གསལ་ཡོད། ཁོང་ཚོས་ཉམས་ཞིབ་བྱས་པ་བཞིན་དེར་ཐབས་ལམ་གང་ཡོད་མེད་དང་། སྲིད་བྱུས་གང་བཟུང་དགོས་རྒྱུ། དེ་བཞིན་ལས་གཞི་ལག་བསྟར་བྱེད་དགོས་རྒྱུ་སོགས་ཀྱི་ཐོག་ཉམས་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག འོན་ཀྱང་ཉམས་ཞིབ་བྱས་པ་ཙམ་གྱིས་དཀའ་ངལ་སེལ་གྱི་མེད། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་ད་ལྟ་རྒྱ་གར་གྱི་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་འོག་དཀའ་ངལ་ཤུགས་ཆེ་འཕྲད་མཁན་ཚང་མར་བོད་པ་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་སོ་སོའི་གནས་སྟངས་ལ་དཔག་པའི་གང་ཐུབ་དཔལ་འབྱོར་བསྡུ་རུབ་ཀྱིས་ཁོང་ཚོར་ཕན་ཐོགས་པ་ཞིག་བྱུང་ན་ཡག་པོ་ཡོད་རེད་བསམས་ཀྱི་འདུག ཆུའི་དཀའ་ངལ་ལས་ག་དུས་གྲོལ་གྱི་ཡོད་མེད་ང་ཚོས་བརྗོད་དཀའ་བ་མ་ཟད། དེ་རྗེས་ནད་ཡམས་སོགས་ཀྱི་ཐོག་ང་ཚོས་རོགས་པ་བྱེད་ཐུབ་རྒྱུ་ཡོད་ན་ད་ལྟ་ཕྱིས་དྲག་མེད་པ་རེད་བསམས་ཀྱི་ཡོད། གནད་དོན་དེ་ཚོ་ཡང་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཆགས་པའི་གནས་སྟངས་ཤིག་རེད། རྒྱ་ནག་ནང་ལའང་ཆུ་ལོག་དང་ས་ཡོམ་སོགས་མང་པོ་ཞིག་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཆགས་ཡོད་སྟབས། ཉམས་ཞིབ་ཙམ་མིན་པར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱ་ནག་གཞུང་གིས་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་བསླེབས་པ་དང་འབྲེལ་བའི་ཐོག་ཕྱི་ཚེས་ ༡༦ ཉིན་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུའི་ལས་རིམ་ཞིག་གོ་རིམ་བསྒྲིགས་ཡོད།
སྐབས་དེར་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ངོས་ནས་དགོངས་ཚུལ་ག་རེ་གསུང་རྒྱུ་ཡོད་ཀྱང་གྲོས་ཚོགས་ནང་གོ་སྐབས་འབུལ་རྒྱུ་ཡིན། དེ་བཞིན་གྲོས་ཚོགས་ཚོགས་དུས་བདུན་པ་ནས་བརྒྱད་པ་བར་སྤྱི་འཐུས་རྣམ་པ་ས་ཁུལ་ཆ་བགོས་ལྟར་ཆེད་ཕེབས་ཀྱིས་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། མང་གཙོ་སྲ་བརྟན་བཟོ་རྒྱུས་མཚོན་ལས་རིམ་མང་དག་གནང་ཡོད། ལྷག་པར་མི་མང་དང་འཛིན་སྐྱོང་དབར་ཟམ་པ་ལྟ་བུ་གནང་སྟེ། མང་ཚོགས་ལ་དཀའ་ངལ་གང་ཡོད་པ་རྣམས་སྤྱི་འཐུས་རྒྱུན་ལས་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལ་ཕུལ་བ་ལྟར། བཀའ་ཤག་ངོས་ནས་ལན་འདེབས་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཉིས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་རྒྱ་རིགས་མཐར་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟ༞ངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད། །