༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་གི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ་དང་ཆབས་ཅིག་བོད་རིགས་དང་སོག་རིགས་གཙོ་བོར་གྱུར་པའི་མི་གྲངས་བརྒྱད་བརྒྱ་བརྒལ་བ་རྣམས་ལ་ཉིན་རྒྱབ་དམིགས་བསལ་ཟུར་དུ་བཀའ་སློབ་བཀའ་དྲིན་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། མི་རབས་གསུམ་འགྲོ་གི་ཡོད་པ་རེད། ལོ་དྲུག་ཅུ་ཙམ་ཞིག་འགྲོ་གི་ཡོད། དེའི་རིང་ལ་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཆག་རྒྱུ་དང་ཞུམ་པ་མེད་པར་གནས་ཡོད། ལོ་སྔོན་མར་རྒྱལ་ས་ལྷ་ས་ཁུལ་གྱི་གཙོས་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་ཞི་བའི་ལས་འགུལ་སྤེལ་ཡོད། དངོས་གནས་མི་བསད་པ་དང་བརླག་སོང་བ། དེ་བཞིན་བཙོན་དུ་ཚུད་པ། སྡུག་སྦྱོང་འོག་ཤི་བ་དེ་འདྲ་མང་པོ་ཞིག་བྱུང་ཡོད། གཉིས་ནས་བོད་རིགས་ཚང་མ་དོགས་པ་བྱེད་སའི་ཡུལ་ལྟ་བུ་ཆགས་ཡོད་དཔེར་ན། ངོས་ཁ་སྔོན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་སྐབས་གནས་ཚུལ་འདི་འདྲ་ཞིག་གོ་བྱུང་། རྒྱ་མིའི་གཞུང་གི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་དེ་འདྲ་ཕར་ཚུར་འགྲོ་རྒྱུའི་ནང་ལ་བོད་རིགས་གཅིག་ཡོད་པ་དེ་རྒྱ་མིའི་གཞུང་གི་ལས་བྱེད་ཡིན་པ་རེད། ཁོང་ཚོ་གནམ་གྲུའི་ཐང་ལ་སླེབས་སྐབས་རྒྱ་རིགས་དེ་དག་སྤྱི་འགྲོ་སྤྱི་མཚུངས་ཀྱིས་ལག་འཁྱེར་སྤྲད་དེ་ལམ་སེང་འགྲོ་ཆོག་པ་ཆགས། བོད་རིགས་གཅིག་ཡོད་པ་དེ་གཞུང་གི་ལས་བྱེད་དང་གཞུང་གི་སྒྲིག་འཛུགས་བྱས་ནས་སྐུ་ཚབ་དེ་ཚོའི་ཁོངས་ཀྱི་འཐུས་མི་ཡིན་པ་གཅིག་པ་རེད་དེ་བོད་རིགས་ཡིན་པའི་ཆ་ནས་རྒྱ་མིའི་ལས་ཁུངས་གཞན་ཞིག་དང་འབྲེལ་བ་བྱས་ཏེ་ཆོག་མཆན་ཞུ་དགོས་རྒྱུ་དེ་འདྲ་བྱུང་འདུག་མ་གཏོགས་སྤྱི་འགྲོ་སྤྱི་མཚུངས་ཀྱི་རྒྱ་མིའི་ཚོང་འབྲེལ་ལས་ཁུངས་ཡིན་ནའང་འདྲ། གཞུང་ཚབ་ཡིན་ནའང་འདྲ། དེ་འདྲ་ནས་ལག་འཁྱེར་སྤྲད་ཆོག་གི་མི་འདུག བོད་རིགས་ཤིག་ཡིན་ཕྱིན་ཆད་ལ་གཞུང་གི་ལས་བྱེད་ཡིན་ཡང་དེ་ལ་དོགས་པ་བྱས་ནས་སྡོད་ཀྱི་ཡོད་པ་དེ་འདྲ་ཞིག་ཆགས་བསྡད་ཡོད།
དེ་འདྲ་ཞིག་གིས་རྐྱེན་པའི་གང་ལྟར་དོ་དམ་པ་བྱེད་ཀྱི་ཡོད་པ་རེད། དོ་དམ་པོ་བྱས་པ་དེས་རྐྱེན་པའི་དཔེར་ན་ཁ་སྔོན་ངོས་ཨ་རིར་ཡོད་སྐབས་བོད་ནས་སླེབས་པའི་བོད་པ་ཁག་གཅིག་ཐུག་བྱུང་། དེ་བཞིན་ཉི་ཧོང་ནང་ཡོད་སྐབས་བོད་ནས་སླེབས་པའི་བོད་པ་དེ་འདྲ་ཐུག་བྱུང་། ཁོང་ཚོ་ཚང་མས་གཅིག་གྱུར་ཐོག་ཤོད་རྒྱུའི་གནས་ཚུལ་དེ། ན་ནིང་དོན་རྐྱེན་བྱུང་བའི་རྗེས་ལ་བོད་རྒྱ་ཁྱབ་ཡོངས་སུ་རྫོགས་པར་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་སོང་། རྒྱ་མིའི་ལས་ཁུངས་ནང་ལ་ལས་བྱེད་བོད་རིགས་ཁ་ཤས་ཤིག་ཐེམ་པའི་སྟེང་གི་རིལ་མ་བཞིན་བྱེད་མཁན་དེ་དག་གི་གྲས་ཀྱང་ཚང་མ་བློ་རྩེ་བརྟན་པོ་ཆགས་ཏེ་ང་ཚོའི་བོད་པའི་སྤྱིར་བཏང་སྐད་ཆར་ཡོད་པ་ལྟར་མདང་སྐྱེས་བྱིས་པ་ཡན་ཆད་ནས་མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་དང་མཁྲེགས་སུ་ཕྱིན་སོང་ཞེས་བརྗོད་ཀྱི་འདུག བོད་རྒྱ་ཆེའི་གཞིས་ལུས་མི་མང་དཀའ་ངལ་འོག་སྡོད་མཁན་དེ་དག་ལ་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དེ་འདྲ་ཞིག་ཡོད། དེ་ནི་ང་ཚོའི་བདེན་པའི་ནུས་པ་ཞིག་རེད་ཅེས་བཀའ་སློབ་ཕེབས་ཡོད། དེ་བཞིན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རྒྱ་ནག་ལ་འདས་པའི་ལོ་གཅིག་ཙམ་གྱི་ནང་ཤེས་ཡོན་ཅན་མང་དག་ཅིག་གིས་འཛེམས་ཟོན་དང་ཞེད་སྣང་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དྲ་རྒྱ་བརྒྱུད་ནས་བོད་དོན་སྐོར་ལ་རྒྱབ་སྐྱོར་གྱིས་རྩོམ་ཡིག་འདྲ་མིན་བརྒྱད་བརྒྱ་ལྷག་སྤེལ་མཁན་བྱུང་ཡོད་པ་དེ་དག་ཚང་མ་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཤ་སྟག་ཅིག་དང་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་གཙང་མ་བྱས་ཏེ་རྒྱ་ནག་གཞུང་ནས་འགྲིག་གི་མི་འདུག ཅེས་སྐྱོན་བརྗོད་བྱེད་མཁན་ཤ་སྟག་རེད་འདུག བྱས་ཙང་དེ་དག་ནི་ང་ཚོའི་བདེན་པ་མཐའ་གསལ་ཡོང་གི་ཡོད་པའི་རྟགས་ཤིག་ཡིན། རྒྱ་ནག་སྤྱི་ཡོངས་ལ་ཆ་བཞག་ན་སྟོབས་ཆེན་རྒྱལ་ཁབ་རེད། དེ་རིང་ཁ་སང་དཔལ་འབྱོར་ཐོག་ནས་འཛམ་གླིང་ལ་དཀའ་ངལ་འཕྲད་སྐབས་རྒྱ་ནག་གལ་ཆེན་པོ་ཞིག་ཆགས་རྒྱུ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། འོན་ཀྱང་གང་ལྟར་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་རེད་དེ་འཛམ་གླིང་འདིའི་ཆ་ཤས་ཤིག་ཆགས་ཡོད། དེེར་བརྟེན་འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་བ་འགྲོ་སྟངས་ལ་གཞིགས་ཏེ་འགྲོ་རྒྱུ་མ་གཏོགས་འཛམ་གླིང་མདུན་བསྐྱོད་བྱས་ནས་འགྲོ་སྐབས་རྒྱ་ནག་རྒྱལ་ཁབ་ཕྱིར་བཤོལ་བྱེད་རྒྱུ་ཡོང་ཤེས་ཀྱི་མ་རེད་ལ་ཡོང་མི་སྲིད་པ་ཞིག་ཀྱང་ཡིན། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་དོན་དག་རེད། དེ་འདྲ་ཡིན་དུས་འགྱུར་བ་ཏན་ཏན་འགྲོ་གི་རེད། བྱས་ཙང་ང་རང་ཚོས་དེ་སྔ་ཕན་ཆད་འདས་པའི་ལོ་དྲུག་ཅུ་ལྷག་ཙམ་རིང་ཚང་མས་སེམས་ཤུགས་མ་ཆག་པར་ཧུར་ཐག་འབད་ཐག་བྱས་པ་རེད། ད་དུང་ཡིན་ཡང་སེམས་ཤུགས་མ་ཆག་པར་ཧུར་ཐག་འབད་ཐག་བྱེད་དགོས། ང་ཚོ་བོད་པ་མི་རེ་ངོ་རེ་ས་གནས་གང་དུ་ཡོད་ཀྱང་བོད་རྒྱ་ཆེའི་མི་མང་དང་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཀྱི་ཡོད། བྱས་ཙང་བོད་མི་ས་ཡ་དྲུག་རང་དབང་བྲལ་ནས་བསྡད་ཡོད། ང་ཚོ་འདིར་ཉུང་ཤས་ཤིག་གིས་ཁོང་ཚོའི་ཚབ་བྱས་ཏེ་རང་དབང་ལུང་པའི་ནང་བསྡད་ཡོད། དེ་འདྲ་ཡིན་དུས་ཚང་མས་ཕྱོགས་གཅིག་ནས་བོད་པ་ཡིན་བསམ་པའི་འདུ་ཤེས་དང་།
གཉིས་ནས་བོད་བསྟན་འགྲོ་སྤྱིའི་འགན་ཁུར་དེ་ང་ཚོའི་སྟེང་ལ་ཡོད་བསམ་པ་ཞིག་བྱས་ཏེ་དེ་ལུགས་ཀྱི་བག་མེད་ཐོག་ནས་དུས་ཚོད་སྐྱེལ་རྒྱུ་དང་རང་དོན་ཁོ་ནར་བསམ་སྟེ་མི་ཚེ་སྐྱེལ་གྱིན་སྡོད་རྒྱུ་ལྟ་བུ་བྱས་ན་རྒྱུ་འབྲས་ལ་འགྲོ་གི་མ་རེད། དེར་བརྟེན་བོད་སྤྱི་པའི་དོན་དག་མ་བརྗེད་པར་བྱེད་དགོས། སོ་སོ་ག་པར་ཡོད་ཀྱང་ངས་བོད་ཀྱི་ཞབས་འདྲེན་ཞུས་ན་འགྲིག་གི་མ་རེད། བོད་སྤྱི་ལ་ཕན་པ་ཞིག་ངས་བྱས་བསམ་པ་བྱེད་དགོས། བོད་སྤྱི་པའི་དོན་དག་ལ་ང་ཚོས་ལས་ཀ་བྱེད་དགོས་བརྗོད་སྐབས་ལམ་སེང་སྐད་ལོག་རྒྱག་རྒྱུའི་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་པ་མ་རེད། སོ་སོའི་ནམ་རྒྱུན་གྱི་ཀུན་སྤྱོད་ཤེས་རབ་དངོས་གནས་བོད་པའི་ཡ་རབས་སྤྱོད་བཟང་གི་མིག་དཔེར་འོས་པ་ཞིག་བྱེད་དང་དེ་གཅིག་པུའི་ཐོག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་བསྒྲུབ་ཀྱི་ཡོད། ཅེས་བཀའ་སློབ་ཕེབས་ཡོད། ལྷག་པར་༸གོང་ས་མཆོག་གིས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ནས་ཆང་རག་དང་རྒྱན་རྩེད་སོགས་སྤོང་གང་ཐུབ་བྱེད་དགོས་པའི་ཐོག་བཀའ་སློབ་སྩལ་དོན། ང་ཚོ་འདི་གར་དཔལ་འབྱོར་གྱི་གནས་སྟངས་གང་ཙམ་ཡག་ཏུ་ཕྱིན་ཏེ་སྣང་བ་སྐྱིད་པོ་དགོས་དུས་རྒྱན་བཙུགས་ནས་རྩེད་མོ་རྩེ་རྒྱུ་དེ་འདྲ་ཁ་ཤས་ཡོང་སྲིད་པ་རེད། ཨ་རིའི་ནང་ལ་མ་ཅང་རྩེད་མཁན་དེ་འདྲ་མང་པོ་ཡོད་པ་བརྗོད་ཀྱི་འདུག བོད་ནང་ལ་ཡིན་ནའང་དངུལ་ཏོག་ཙམ་ཡོད་དུས་མ་ཅང་བརྒྱབ་ནས་སྡོད་མཁན་དེ་འདྲ་གང་ཙམ་ཚབས་ཆེན་པོ་ཆགས་ཏེ་ཁམས་ཁུལ་དང་དེ་བཞིན་དབུས་གཙང་ཁུལ་དུའང་དེ་འདྲ་འདུག་ཅེས་ངོས་ལ་བརྗོད་མཁན་བྱུང་། དེ་ཚོའི་གྲས་ཡག་པོ་རྩ་བ་ནས་མ་རེད། ང་ཚོར་སྐབས་འཕྲལ་ཛ་དྲག་གི་གནས་ཚུལ་མེད་པ་ཞིག་དང་སོ་སོར་དངུལ་ཏོག་ཙམ་ཡོད་པ་ཡིན་ཡང་སྤྱི་ཡོངས་ཀྱི་ང་ཚོའི་གནས་སྟངས་འཆི་གསོན་ལ་ཐུག་ཡོད་པ་རེད། གཟབ་གཟབ་བྱས་ན་མ་གཏོགས་དེ་འདྲའི་བག་མེད་བྱས་ནས་བསྡད་པ་ཡིན་ན་རྩ་བ་ནས་ཡག་པོ་མ་རེད།
དེ་ལ་གཟབ་གཟབ་བྱེད་དགོས། ཞེས་བཀའ་སློབ་ཕེབས་ཡོད། ཡང་༸གོང་ས་མཆོག་གིས་ཆེན་པོ་ཧོར་གྱི་མི་རིགས་བརྒྱ་དང་ལྔ་བཅུ་ལྷག་ཙམ་མཇལ་ཁར་བཅར་ཡོད་པ་རྣམས་ལ་བོད་རིགས་དང་སོག་རིགས་གཉིས་མི་རིགས་དང་ཆོས་ལུགས་གཉིས་ཀའི་ཐོག་སྤུན་ཟླ་མཚེ་མ་ལྟ་བུ་ཆགས་ཡོད་པའི་ངོ་སྤྲོད་མཛད་པ་དང་སྦྲགས་སོག་རིགས་རྣམས་ནས་སོག་པོའི་གོང་མ་ཇིང་གིར་སེ་ཁང་གི་སྙིང་སྟོབས་མུ་མཐུད་འཛིན་པའི་ཐོག་ནུས་པ་འདོན་ས་དེ་དེང་དུས་ཀྱི་ཤེས་ཡོན་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཟུང་དུ་འབྲེལ་བའི་ཐོག་ལ་ནུས་པ་འདོན་དགོས་སྐོར་བཀའ་སློབ་སྩལ་དོན། ཇིང་གིར་སེ་ཁང་གི་སེམས་ཤུགས་དང་སྙིང་སྟོབས་དེ་ད་དུང་ཡིན་ནའང་ཡིན་གཅིག་མིན་གཅིག་འཁྱེར་དགོས་པ་རེད། ཇིང་གིར་སེ་ཁང་གིས་དུས་ཚོད་ལ་སྙིང་སྟོབས་དང་ནུས་པ་འདོན་ས་དེ་རྟ་བཟང་པོ་དང་གྲི་མདུང་འཁྱེར་ནས་འགྲོ་གི་ཡོད། ད་ཆ་ཇིང་གིར་སེ་ཁང་གི་སྙིང་སྟོབས་དེ་འཁྱེར་ནས་ནུས་པ་འདོན་ས་དེ་དེང་དུས་ཀྱི་ཤེས་ཡོན་དང་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་ཇིང་གིར་སེ་ཁང་གི་ནུས་པ་དེ་འདོན་དགོས་པ་རེད་ཅེས་ཞུ་རྒྱུ་ཡིན། དེ་འདྲ་ཡིན་དུས་ངོས་ལ་ད་ལྟ་ཨོ་སི་ཊོ་ལི་ཡའི་སོག་པོའི་གཞུང་ཚབ་ཐུག་བྱུང་། ཁྱེད་རང་ཚོའི་སློབ་ཕྲུག་སློབ་སྦྱོང་བྱེད་མཁན་སོག་རིགས་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད་ཟེར་གྱི་འདུག བྱས་ཙང་ཁྱེད་རང་ཚོ་འདིར་སློབ་སྦྱོང་ཧུར་ཐག་བྱེད་རོགས། དེ་ཡིན་གཅིག་མིན་གཅིག་ཁྱེད་རང་ཚོས་མ་བརྗེད་པར་ཤེས་པ་བྱེད་དགོས། ཁྱེད་རང་ཚོ་སོག་རིགས་གཞོན་པ་ཚོས་བོད་ཡིག་ཀློག་མི་ཤེས་ཀྱང་དེ་རིང་ཁ་སང་དབྱིན་ཡིག་ནང་ལ་ནང་ཆོས་ཀྱི་དེབ་དེ་འདྲ་ལོ་རེ་བཞིན་ཐོན་ཡོང་གི་ཡོད་པ་དེ་ཚོར་དོ་སྣང་བྱས། ཁྱེད་རང་ཚོ་འདིར་སློབ་སྦྱོང་བྱས་ཏེ་རིམ་པས་སོ་སོའི་ལུང་པར་རང་དབང་ཐོབ་ཡོད། དེ་འདྲ་ཡིན་དུས་སོ་སོ་ལུང་པར་ལོག་སྟེ་སོག་པོ་རྒྱ་ཆེའི་མི་མང་གི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་དང་ལུང་པ་ཡར་རྒྱས་གཏོང་རྒྱུ། དེ་བཞིན་ལུང་པ་འཛུགས་སྐྲུན་བྱེད་རྒྱུ་དེ་ཚོའི་ཐོག་ལ་ཁྱེད་རང་ཚོས་མ་འོངས་པར་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ་རྒྱུའི་སེམས་ཤུགས་སྐྱེད་དགོས། ངོས་ནས་སྨོན་ལམ་རྒྱག་གི་ཡིན། ཞེས་བཀའ་སློབ་ཕེབས་ཡོད།།