ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༨ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སོང་།
དེ་ཡང་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག་གིས་དབུས་རྒྱུན་ལས་ཁག་གཅིག རང་དབང་བདེན་པའི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་རྣམ་པར་རྟེན་འབྲེལ་གསོལ་ཇ་བཞེས་ཏོག་ཕུལ།
ལོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོར་སྲུང་བརྩི་ཞུ་རྒྱུའི་མཚོན་དོན་དུ་ཟློས་གར་འགན་འཛིན་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་སྐལ་བཟང་ཕོ་བྲང་གཟིམ་ཆུང་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་འཁོད་བསྟུན་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་ཟློས་གར་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ལོ་འདིའི་རྐང་བྲོ་གླུ་གཞས་འགྲན་བསྡུར་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་དང་།
གཞན་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་བོད་དོན་དྲིལ་བསྒྲགས་དང་རིག་གཞུང་སྲུང་སྐྱོབ་སླད་གཏམ་བརྗོད་ཟློས་གར་ཚོགས་པ་ཞིག་འགོ་འཛུགས་གནང་ན་ཇི་དགེའི་བཀའ་སློབ་ཕེབས་དོན་བཞིན་ལོ་དེར་ཀ་སྦུག་ཏུ་དངོས་སུ་གསར་འཛུགས་མཛད་པ་ནས་ད་བར་གྱི་འབྱུང་རིམ་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་། དེ་ནས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་བའི་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པའི་རུ་ཁག་གཉིས་དབར་ལ། རྐྱང་གཞས་དང་། འཁྲབ་གཞས། མཉམ་གཞས། འགྲན་བསྡུར་གནང་སོང་བའི་མཐའ་མའི་རྒྱལ་ཁ་རྒྱ་ལུ་རུ་ཁག་ལ་ཐོབ་པར་བརྟེན་་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱ་དགའ་གསོལ་རས་གནང་།
སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པར་ཞབས་ཞུ་བསྒྲུབས་ནས་ལོ་ངོ་ ༢༠ འཁོར་བའི་ལས་བྱེད་བདེ་ལེགས་ཆོས་འཛོམས་ལགས་དང་། བསྟན་འཛིན་ཆོས་སྒྲོན་ལགས་གཉིས་ལ་ལེགས་གསོའི་ཕྱག་ཁྱེར་གནང་། གཞན་ཡང་ཟློས་གར་ཚོགས་པར་འཁྲབ་སྟོན་དང་ལྷ་མོའི་དགེ་རྒན་གནང་སྟེ། ལོ་ངོ་ ༣༠ བརྒལ་བ་ཞབས་ཞུ་སྒྲུབ་མྱོང་ཡོད་པ་བསོད་ནམས་ཕུན་ཚོགས་ལགས་སུ་ལེགས་གསོའི་ཕྱག་ཁྱེར་ཡང་གནང་སོང་། དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་གྲུབ་པ་དང་སྦྲགས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས།།