༢༠༡༤ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ ༢༠༡༤ ཟླ ༩ ཚེས ༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ ༢༠༡༤ ཟླ ༩ ཚེས ༢ ཉིན་རྡོར་གླིང་བོད་མིའི་གཏན་སློབ་ཀྱི་ཚོགས་ཁང་ནང་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་བོད་རིགས་མང་ཚོགས་ནས་བོད་ལྗོངས་མང་གཙོ་དབུ་བརྙེས་ནས་མི་ལོ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་དང་། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་ Dr. Smitha Patnaik ལགས་ཀྱང་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཐོག་སྲུང་བརྩི་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད ༩ པའི་ཐོག་སྐུ་མགྲོན་རྣམ་པས་གཙོས། མི་མང་གྲངས ༡༥༠ ལྷག་ཙམ་དང་སློབ་ཕྲུག་གྲངས ༢༠༠ བཅས་ཁྱོན་བསྡོམས་མི་གྲངས་ ༣༥༠ ཙམ་ཚོགས་ཁང་དུ་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སློབ་གྲྭའི་རེག་ཊར། ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། མི་མང་བཅས་ནས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་གྲུབ་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་མང་གཙོ་གསར་བཞད་ཀྱི་གླུ་དབྱངས་བཏང་།
དེ་རྗེས་སྐུ་མགྲོན་རྣམ་པ་དང་། མི་མང་། སློབ་ཕྲུག་ཡོངས་ལ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་ཀྱིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོ་དུས་དྲན་ཐེངས ༥༤ ཐོག་ཡོངས་ཁྱབ་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས་ཐོག་མར་ཕྱི་ལོ་ ༡༩༦༠ ལོའི་ནང་༸གོང་ས་མཆོག་གི་མ་འོངས་ཕུགས་རྒྱང་རིང་པོ་དགོངས་པ་བཞེས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་མཛད་ནས་བཙན་བྱོལ་དུ་མང་གཙོའི་གཞུང་ཐོག་མ་བཙུགས་གནང་མཛད་པ་དང་།
དེ་བཞིན་རྒྱལ་སྤྱིའི་མང་གཙོའི་སྒྲོམ་གཞི་ནང་ཡོད་མང་གཙོའི་ལྟ་གྲུབ། མང་གཙོའི་སྒྲོམ་གཞི། མང་གཙོའི་འགན་དང་ཐོབ་ཐང་ཤེས་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་སོགས་གསུངས་ཡོད། དེ་རྗེས་རྡོར་གླིང་བོད་གཞུང་གཏན་སློབ་ཀྱི་ལོ་འཁོར་ཡིག་རྒྱུགས་ནང་བོད་ཡིག་སློབ་ཚན་ཐོག་བརྒྱ་ཆ་རྩེ་ཕུད་སོན་མཁན་སློབ་ཕྲུག་ཚོ་ལ་སྐུ་མགྲོན་གཙོ་བོས་བྱ་དགའ་གནང་། མཐར་ས་གནས་འགོ་འཛིན་གྱི་དྲུང་ཡིག་བསྟན་འཛིན་ནོར་ལྡན་ལགས་ཀྱིས་སྐུ་མགྲོན་རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ།།