༢༠༡༤ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་བཅས་ནང་མི་གསུམ་གྱི་ལས་འགུལ་ཐེངས་ ༣༣ པ་དེ་བཞིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྤེལ་ཡོད་པ་དང་།
ཇི་ནི་ཝ་ཚོགས་ཆུང་གི་ཚོགས་མི་སྤྱི་ཁྱབ་དོན་འགྲུབ་དང་ཆབ་བྲད་ཚང་ལེགས་འཕེལ། ལུ་ཛན་ཚོགས་ཆུང་གི་ཚོགས་མི་རྒྱལ་ཚང་བཀྲ་ཤིས་ལྷ་མོ་གསུམ་མཉམ་ཞུགས་བྱས་ཏེ། རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གཉིས་ལ་སྙན་ཞུ་ཕུལ་བ་དང་། བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་ཡིག་ཆ་གྲངས་ ༥༠༠ ལྷག་དང། རྒྱ་ནག་སྐམ་ས་ནས་བསླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་རྒྱ་ཡིག་ཐོག་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གྲངས་བཅུ་དང་། རྒྱ་ཡིག་ཐོག་བཏོན་པའི་བོད་གནས་གསར་འཕྲིན་ཁག་གཉིས་དེབ་གྲངས་སུམ་ཅུ་ཙམ་འགྲེམས་སྤེལ་བྱས་ཡོད་འདུག
ལས་འགུལ་འདི་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་འགོ་འཛུགས་ཀྱིས་བོད་ནང་གི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་ཚོའི་ཆེད་དུ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེ་ཆེད་ལས་འགུལ་རྒྱུན་མཐུད་ནས་སྤེལ་བ་ཞིག་རེད་འདུག