༢༠༡༤ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་རས་སྩལ་ཏེ་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ (Moscow) ནང་ཡོད་པའི་ the hall of the Open World ཞེས་པའི་ཚོགས་ཁང་ནང་མཛད་སྒོ་གཟབ་རྒྱས་ཚོགས་འདུག དེ་ཡང་གོང་ཚེས་ཉིན་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་ཁང་གི་ཚོགས་གཞོན་ནདྱཱ་བྷར་ཀེན་ཇིམ་ (Mrs. Nadya Berkengeym) ལགས་ཀྱིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་གལ་གནད་སྐོར་གསུང་བཤད་གནང་།
དེ་རྗེས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ཐེངས་དང་པོ་གནང་བ་དང་བསྟུན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་ཐོག་མར་དབུ་འཛུགས་བསྐྱངས་པ་ནས་བཟུང་། ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་གལ་གནད་སྐོར་བཀའ་སློབ་སྔ་ཕྱི་ཕེབས་པ་རྣམས་ཀྱི་སྙིང་དོན་ཁག་ངོ་སྤྲོད་གནང་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཐུགས་ཀྱི་བཞེད་དགོངས་དང་མ་འོངས་པའི་ཆར་སྣང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༡ དང་ཕྱི་ལོ་ ༢༠༡༡ ལོ་བཅས་སུ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རིམ་བཞིན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་མཛད་སྒོའི་ཐོག་རྒྱལ་ས་མོ་སི་ཁོའི་ནང་གནས་སྡོད་བྷུ་རི་ཡཊ་དང་ཁལ་མུག་བཅས་ནས་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་ས་གནས་བོད་རིགས་ཁག་གཅིག་བཅས་ཚང་འཛོམས་ཐོག་ཨུ་རུ་སུའི་སྐད་ཐོག་ཕབ་བསྒྱུར་ཞུས་པའི་གངས་སེང་གི་ངུ་འབོད། “TIBET: Cry of the Snow Lion” ཅེས་པའི་གློག་བརྙན་བསྟན་པ་བརྒྱུད། མང་ཚོགས་ལ་བཙན་དབང་འོག་ཡོད་པའི་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་གོ་རྟོགས་སྤེལ་འདུག དེ་རྗེས་བོད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་འདུག
སྐབས་དེར་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝལ་ཌི་སི་ལབ་པན་ཊེ་ལེ་ཝི་ཆི་ Mr. Vladislav Panteleevitch ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རང་ཉིད་རྒྱ་ནག་ནང་ཐེངས་ཁ་ཤས་བསྐྱོད་མྱོང་ཡོད་པ་དང་། བོད་ཀྱི་གནས་སྟངས་སྐོར་ཤེས་རྟོགས་ཡོད་སྐོར། ད་ཆ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་དཀའ་རྙོག་དེ་ཡང་མགྱོགས་མྱུར་སེལ་བའི་རེ་བ་ཡོད་སྐོར་སོགས་གསུངས་འདུག