༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་འདམ་ག་ཚོགས་པ་གཉིས་ཀྱི་གོ་སྒྲིག་ཐོག་འཛམ་གླིང་ཨེཌསེ་ཉིན་མོ་སྲུང་བརྩི་ཞུས་པར་ཐོག་མར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་བསོད་ནམས་ཆོས་འཕེལ་ལགས་ནས་འཛམ་གླིང་ཨེཌསེ་ཉིན་མོ་དང་འབྲེལ་བའི་གསུང་བཤད་ངོ་སྤྲོད་དང་སྦྲགས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་འཁོད་དོན། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་པ་ལྟར། དེ་རིང་ ༢༠༠༩ ཟླ་ ༡༢ ཚེས་ ༡ ཉིན་ང་ཚོས་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུ་བ་དང་བསྟུན་གཉན་ནད་རེག་དུག་ནད་གཞི་འདི་ཁྱབ་འཕེལ་འགྲོ་སྟངས་དང་སྔོན་འགོག་གི་ཐབས་ལམ་བཅས་ལ་ངོ་སྤྲོད་ཞུ་རྒྱུར་གལ་གནད་མཐོང་། ཁྱབ་འཕེལ་འགྲོ་བའི་བརྒྱུད་ལམ་གཙོ་བོ་གསུམ་ཡོད་པ་ནི། ༡༽ ཛ་དྲག་ནད་མནར་གྱིས་གཤག་བཅོས་བྱ་དགོས་སྐབས་ཁྲག་ཚབ་བླུག་དགོས་རིགས་ལ་གཉན་ནད་རེག་དུག་གི་ནད་ཁྲག་ཡོད་པ་དང་། ༢༽ མྱོས་རྫས་ལངས་ཤོར་ཁག་ཅིག་མྱོས་རྫས་རིགས་གཉན་ནད་རེག་དུག་གི་ནད་གཞི་ཕོག་པའི་རྩ་ཁབ་བརྒྱུད་ནས་ཡོང་གི་ཡོད་པ་དང་། ༣༽ འགོས་སྟངས་བརྒྱུད་ལམ་ཁྱབ་ཆེ་ཤོས་ནི་འཁྲིག་སྤྱོད་ཀྱི་ལམ་ནས་ཡོང་གི་ཡོད་པ་ལྟར། འགོས་ལམ་ཁག་ཤེས་པའི་སྒོ་ནས་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་ཧ་ཅང་གལ་ཆེ་ཡིན། དེ་ཡང་ཛ་དྲག་གི་ཁྲག་ཚབ་བླུག་དགོས་རིགས་ནང་མི་ཉེ་དུ་སོགས་ནད་གཞི་མེད་པ་རྒྱུས་ཡོད་ནས་ཁྲག་སྦྱིན་ཡོང་ཐབས་དང་། དེ་མིན་སྨན་ཁང་ནས་ཁྲག་སྦྱིན་ཞུ་དགོས་བྱུང་ཚེ་ནད་མེད་པའི་དན་རྟགས་གསལ་པོ་ཡོང་ཐབས་འབད་རྒྱུ། མྱོས་རྫས་ངན་གོམས་རྩ་ཁབ་ལངས་ཤོར་རིགས་ནས་རྩ་ཁབ་མཉམ་སྤྱོད་མི་བྱེད་པ་ཤིན་ཏུ་གལ་ཆེ། འགོས་ལམ་ཁྱབ་ཆེ་ཤོས་འཁྲིག་སྤྱོད་ཀྱི་ལམ་ནས་ཡིན་གཤིས། ༡༽ ཁྱོ་ཤུག་དམ་གཙང་གིས་གཞན་དང་མཉམ་དུ་ལུས་འབྲེལ་སྤོང་གལ་ཆེ། ༢༽ གཞོན་ནུ་ཕོ་མོ་གཉེན་སྒྲིག་མ་ཟིན་པའམ་གཞན་ཡང་ཧྲེང་པོ་ཧྲེང་མོ་རྣམས་ནས་ལུས་འབྲེལ་སྐབས་འགོག་ཤུབ་བེད་སྤྱོད་བྱེད་ན་འགོས་ནད་འདི་རིགས་འགོག་ཐུབ་ཀྱི་ཡོད་པ་བཅས་ཤེས་པའི་ཐོག་ནས་སྔོན་འགོག་ཐབས་ལམ་དེ་དག་ལ་བརྩོན་པ་ནི་རང་དོན་རང་གཅེས་ལ་སོང་ཀུན་གྱིས་དགོངས་འཇགས་ནན་པོ་གནང་དགོས།
འགོས་ནད་འདིའི་རང་བཞིན་ནི་གོང་དུ་སྨོས་པའི་བརྒྱུད་ལམ་ཁག་ལས་གཞན་པའི་སྤྱི་ཚོགས་ནང་འཚོ་བ་མཉམ་སྤྱོད་ཀྱི་ལམ་ནས་འགོས་ཀྱི་མེད་པ་ཡོང་གྲགས་ལ་སོང་། ནད་པ་དང་ནད་པའི་ནང་མི་ལ་བལྟ་སྟངས་མ་འཛོལ་བའི་ཐོག་ནས་འཚོ་བ་མཉམ་སྤྱོད་དང་རོགས་ཕན་གནང་དགོས་པ་ནི་སྤྱི་ཚོགས་ཀྱི་འཁུར་དུ་བབས་པའི་ལས་འགན་ལགས། ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་བསམ་ཤེས་ཀྱིས་ནད་པ་རང་ཉིད་ནས་ཀྱང་གཞན་ལ་མ་འགོས་པའི་འགན་འཁུར་ལེན་དགོས་པ་ཡིན། འཕྲོད་བསྟེན་སྨན་ཁང་ཁག་བརྒྱུད་རྒྱ་གར་གཞུང་གི་གཉན་ནད་རེག་དུག་ལྟེ་གནས་ཁག་ནས་སྨན་དུས་ཐོག་ཞུ་ཐུབ་པ་བྱུང་ན་ནད་གཞི་སྡུག་ཏུ་མི་འགྲོ་བ་མ་ཟད་ལུས་སྟོབས་མ་རྒུད་པར་ཇི་སྲིད་འཚོ་བའི་བར་འཚོ་གནས་ཐུབ་ཀྱི་ཡོད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བསྟེན་གཏུགས་གནང་ན་བོད་སྨན་གྱི་ལམ་ནས་ཀྱང་ཕན་ཐོགས་གང་མཚམས་ཡོང་གི་ཡོད་པ་རེད་འདུག ཐབས་ལམ་དེ་དག་ནི་འདི་ལོ་རྒྱལ་སྤྱིའི་གཉན་ནད་རེག་དུག་ཉིན་མོའི་བརྗོད་གཞི་སྨན་བཅོས་ཡོངས་ཁྱབ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་ཞེས་པ་དང་མཐུན་ཞིང་རང་རིགས་སྤྱི་ཚོགས་ཁྲོད་གཉན་ནད་རེག་དུག་ནད་གཞི་འདི་དག་རིམ་པས་བཀག་བསྡོམས་ཡོང་རྒྱུར་ཚང་མས་འདི་ལས་ནས་རིན་མེད་བརྟག་དཔྱད་ཀྱི་ལས་འགུལ་མཚོན་ལས་འགུལ་ཁག་ནང་མཉམ་ཞུགས་ཕྱར་གྲུ་མཉམ་འདེགས་ངེས་གནང་ཡོང་བའི་སླར་ཡང་འབོད་བསྐུལ་ཞུ་རྒྱུ་བཅས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱངས་གནང་རྗེས་སྐུ་མགྲོན་ཕྱི་ལོ་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ནས་གསུང་དོན། དེ་རིང་བུ་མོ་ང་རང་ལ་འདིར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་འདམ་ག་ཚོགས་པ་གཉིས་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། དེང་སང་ན་ཚ་འདི་ཉུང་དུ་འགྲོ་རྒྱུའི་ཚབ་ལ་མང་དུ་འགྲོ་གི་ཡོད་པར་སོང་ད་རེས་དེའི་སྐོར་ཞུ་འདོད་བྱུང།
ང་ཚོ་གཞོན་སྐྱེས་ཚོས་སོ་སོ་ཙམ་མ་ཟད་སྤྱི་ཚོགས་ཤིག་ལ་ཕན་གྱི་རེད་བསམ་ནས་ནད་གཞི་དེར་ངོ་ཚ་དང་འཚེར་སྣང་མེད་པའི་ཐོག་ནས་བརྟག་དཔྱད་ཡག་པོ་གནང་དགོས་པ་དང་། གལ་སྲིད་ནད་གཞི་དེ་ན་མཁན་ཡོད་ན་མི་དེ་ལ་དབྱེ་འབྱེད་མེད་པར་སེམས་འཁུར་གང་མང་གནང་རོགས་གནང་ཞུ་རྒྱུ་དང་། བོད་རང་བཙན་ཆེད་དུ་མིན་པར་ཨེཌསེ་ནད་གཞི་འདིས་རྐྱེན་བྱས་ཏེ་གྲོངས་བ་ཡིན་ན་ཧ་ཅང་བློ་ཕམ་རེད། ཅེས་འབོད་སྐུལ་ཞུས་ཡོད། དེ་ནས་སྐོར་སྐྱོད་རྒྱུག་ཤར་འགྲན་བསྡུར་འགོ་འཛུགས་གནང་བ་དང། ཨེཌསེ་ནད་གཞི་མཚོན་དོན་འཁོད་པའི་རི་མོ་འགྲན་བསྡུར་གྱིས་རྒྱལ་ཐོབ་མཁན་རྣམས་ལ་འཕྲོད་བསྟེན་དྲུང་ཚབ་ནས་བྱ་དགའ་གནང། ད་ཐེངས་ཀྱི་ལས་འགུལ་འདིར་བུད་མེད་ཚོགས་པ་དང་། ཀུན་ཕན་ཚོགས་པ། དུད་འགྲོའི་རང་དབང་ཚོགས་པ་བཅས་མཉམ་ཞུགས་གནང་འདུག་པ་བཅས།