༢༠༡༤ ཟླ་ ༩ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༤ འཁོར་བ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱལ་མཆོག་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་བོད་མི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བའི་དབུས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གྲངས་ཉུང་མི་རིགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ར་ཝི་ཐཱ་ཀུར་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན།
དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་བཅས་ཀྱིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། འདིར་འདུས་བོད་མི་སེར་སྐྱ་རྒན་གཞོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་བ་དང་ཆབས་ཅིག་ང་རང་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་རང་དེ་རིང་འདིར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་སྤོབས་སྐྱེས་བྱུང་།
གང་ཡིན་བརྗོད་ན། འདི་ལོ་ནི་བཙན་བྱོལ་བོད་མི་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད། དེར་བརྟེན་ང་རང་ཡང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཆ་ཤས་ནང་མཉམ་ཞུགས་ཐུབ་པ་བྱུང་། སིམ་ལ་ནས་མ་ཐོན་གོང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་ལ་ཕྲན་རང་རྡ་སར་བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་བཅར་རྒྱུ་ཡིན་སྐོར་སྙན་གསེང་ཞུས་པར། སྤྱི་ཁྱབ་བློན་ཆེན་མཆོག་གིས་མཛད་སྒོར་དགའ་བསུའི་འཚམས་འདྲི་ཡོད་སྐོར་གསུངས་བྱུང་། བཙན་བྱོལ་ནང་བོད་མི་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག་སྐྱབས་བཅོལ་གྱི་གནས་སྟངས་ཡིན་མུར་དཀའ་ངལ་རྣམས་ལ་གདོང་ལེན་གྱིས་མང་གཙོའི་ལམ་ལུགས་ཡང་དག་པ་དང་སྲ་བརྟན་ཐོག་འཕེལ་རྒྱས་ཐུབ་པ་བྱུང་བ་དེ་ནི་འཛམ་གླིང་མི་མང་ཚོར་བློ་སྤོབས་སྐྱེ་གཞི་ཞིག་ཆགས་ཡོད། དེ་མཚུངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དགུང་གྲངས་ ༡༦ སྐབས་ནས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པ་དེ་ནི་ངོ་མཚར་སྐྱེས་དགོས་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་བཞུགས་སྐབས་བོད་མིའི་སྲོལ་རྒྱུན་གྱི་སྲིད་གཞུང་རྙིང་པར་ལེགས་བཅོས་མཛད་དེ་དྲང་ལྡན་དང་འདྲ་མཉམ། མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཐབས་མཛད་ཡོད།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པ་བོད་དུ་འབྱོར་ནས་༸གོང་ས་ཏཱ་ལའི་བླ་མཆོག་གི་མཛད་བྱུས་ལ་འགོག་རྐྱེན་བཟོས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་གནས་གཟིགས་སྐབས། རྒྱ་གར་ནང་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཕྱོགས་དེར་ཐུགས་ཞིབ་མཛད་རྗེས་ཐུགས་ཡིད་ཧ་ཅང་འཕྲོག་པོ་བྱུང་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་སྐྱབས་བཅོལ་དུ་༸ཞབས་སོར་འཁོད་རྗེས་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་ལུགས་ཐོག་བསྒྱུར་ཐབས་མཛད་ཡོད། དེར་བརྟེན་ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ཐོག་མར་འོས་འདེམས་བྱུང་ཡོད། དེ་ནས་རིམ་བཞིན་བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་ཀྱིས་དེང་སྐབས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་འཛམ་གླིང་མི་མང་ཚོས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་མིག་དཔེ་ལྟ་དགོས་པའི་གནས་བབ་ལ་བསླེབས་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་འོག་འཛམ་གླིང་སྐྱབས་བཅོལ་སྤྱི་ཚོགས་ནང་ཡར་རྒྱས་ཚགས་ཚུད་ཤོས་ཤིག་ཆགས་ཡོད། ལྷག་པར་ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་མཆོག་ལ་བརྩིས་སྤྲོད་མཛད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་ཤུགས་ཆེ་ཞུས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བདེན་པའི་འཐབ་རྩོད་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེ་དང་འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ་སོགས་གོང་མཐོར་གཏོང་ཐབས་མཛད་ཆེད་ངལ་བ་ཁྱད་གསད་མཛད་དང་མཛད་མུས་ཡིན།
དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་ཐོག་གི་ནང་པའི་དབུ་ཁྲིད་གྲགས་ཆེ་ཤོས་ཡིན་པ་དང་། མེས་པོ་དམ་པ་གྷན་དི་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་ཐོག་ཤར་སྐྱོད་མཛད་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་སོགས་རྒྱལ་སྤྱིའི་གཟེངས་རྟགས་ཧ་ཅང་མང་པོ་བཞེས་མྱོང་མཁན་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཧི་མཱ་ཅལ་མངའ་སྡེའི་རྡ་རམ་ས་ལར་བཞུགས་ཞག་མཛད་པར་བརྟེན། དེང་སྐབས་རྡ་རམ་ས་ལ་ནི་རྒྱལ་སྤྱིའི་ས་ཁྲའི་ནང་དོ་སྣང་བྱེད་དགོས་པའི་ས་ཁུལ་ཞིག་ཏུ་གྱུར་ཐུབ་ཡོད། དེར་བརྟེན་འཛམ་གླིང་ཡུལ་གྲུ་གང་ས་ནས་ཡུལ་སྐོར་སྤྲོ་འཆམ་པ་སོགས་གྲངས་ལས་འདས་པ་ས་གནས་འདིར་རྒྱུན་ཆད་མེད་པར་འབྱོར་བཞིན་ཡོད་པ་རྣམས་འདི་གར་ས་གནས་ཡུལ་མིས་གཙོས་བོད་མི་རྣམས་དང་ལྷན་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད། དེ་མུ་མཐུད་ནས་གནས་དགོས། ངས་བོད་ནང་དྲག་གནོན་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་སྦྲགས། བོད་མི་བརྒྱ་དང་སུམ་ཅུས་རང་ལུས་མེར་སྲེག་བཏང་བ་རྣམས་ཆུད་ཟོས་སུ་ནམ་ཡང་འགྲོ་རྒྱུ་མ་རེད། ཅེས་ནན་བརྗོད་ཞུ་རྒྱུ་ཡིན། ད་ལྟའི་བོད་ནང་དང་རྒྱལ་སྤྱིའི་གནས་སྟངས་ཐོག་ནས་ལྟ་སྐབས་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འདི་རན་ཤོས་ཤིག་ཆགས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེས་དང་ཐུགས་ཀྱི་འཆར་སྣང་འོག་བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་སྟེ་མཐོ་སྒང་བོད་ནང་རང་དབང་དང་ཞི་བདེའི་ཉི་མ་མགྱོགས་མྱུར་འཆར་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
མཐའ་དོན་ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་བར་ཆད་ཐམས་ཅད་ཞི་ནས་སྐུ་ཚེ་རིང་བཞིན་སྐུའི་འཕྲོད་བཞེས་སྔར་ལྷག་གསལ་དྭངས་ཐོག་མཛད་འཕྲིན་གོང་འཕེལ་ཡོང་རྒྱུ་དང་། བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་རྒྱུའི་རེ་བ་ཞུ་རྒྱུ་དང་སྦྲགས། འཕགས་བོད་གཉིས་ཀྱི་འབྲེལ་བ་སྔར་ལྷག་དམ་ཟབ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།