༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སྡེ་ར་ལྡུན་ཉེ་འགྲམ་ས་ཧཱ་རན་པུར་ (Saharanpur) དང་། དེའི་གཡས་གཡོན་གནས་སྡོད་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་ཆེད་ཕྱོགས་བསྐྱོད་གནང་ཡོད།
དེ་ཡང་ཁོང་གིས་སེ་ལ་ཀུའི་ (Selaqui) བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་གིས་གཙོས་ས་ཧཱ་རན་པུར་ཁུལ་གནས་སྡོད་བོད་མི་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བར་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་གིས་མཚོན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་ཀྱི་དཀའ་རྙོག་ཞི་བའི་ཐོག་རྒྱ་ནག་གཞུང་དང་གྲོས་མོལ་བརྒྱུད་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།།