༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །རྒྱ་གར་ཧི་མཱ་ཅལ་མངའ་ཁོངས་ཀུ་ལུ་རྫོང་དུ་ཡོད་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་དབུ་བླ་དྭགས་པོ་རིན་པོ་ཆེ་མཆོག་གིས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣༠ ནས་ཕྱི་ཟླ་ ༩ ཚེས་ ༡ བར་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་གནང་འདུག དེ་ཡང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་འགྲེམས་སྟོན་དབུ་འབྱེད་མ་གནང་གོང་། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སྐོར་ངོ་སྤྲོད་གནང་གྲུབ་བསྟུན། དྭགས་པོ་རིན་པོ་ཆེ་མཆོག་གིས་འགྲེམས་སྟོན་དབུ་འབྱེད་གནང་འདུག སྤྱིར་སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཕ་རན་སི་དང་། ཧོ་ལེན་ཌི། སུད་སི། ཨིན་ཌོན་ཨེ་ཤི་ཡ། མ་ལེ་ཤི་ཡ། བྱང་ཨ་རི་བཅས་ནས་ཕྱི་རྒྱལ་མི་རིགས་གང་ཙམ་ཞིག་དྭགས་པོ་རིན་པོ་ཆེ་མཆོག་གི་གསུང་ཆོས་ཞུ་བར་བཅར་ཡོད། དེར་བརྟེན་ཕྱི་རྒྱལ་མི་རིགས་དང་ས་གནས་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་མང་པོར་ཐེངས་འདིའི་འགྲེམས་སྟོན་གཟིགས་རྒྱུའི་གོ་སྐབས་བྱུང་འདུག
དེ་ཡང་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་གཉིས་ཡོད་པ་ནི། ཅིའི་ཕྱིར་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད། ཞེས་དེང་སྐབས་རྒྱལ་སྤྱིའི་ཐོག་འབར་བཞིན་པའི་དྲི་བ་དང་། ‘The Burning Question : Why are Tibetans turning to self-immolation?’ འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་ཡིན་འདུག ‘India and Tibet : Ancient bonds, current ties’བརྗོད་གཞི་དང་པོ་དང་འབྲེལ་ནས་བོད་ནང་དུ་རང་ལུས་མེར་སྲེག་སྐོར་གྱི་པར་རིགས་འདྲ་མིན་དང་བོད་དབྱིན་ཧིན་གསུམ་ནང་ཡོད་པའི་ཡིག་ཆ་སོགས་བརྒྱུད་བསྒྲགས་ཞུས་འདུག ཡིག་ཆ་དེའི་ཁོངས་ནས་ཁག་གཅིག་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོས་བཞག་པའི་ཁ་ཆེམས་ཕྱོགས་སྒྲིག་གནང་བ་སོགས་ཡོད་འདུག
གཞན་ཡང་དེ་ཉིན་གྱི་འགྲེམས་སྟོན་སྐབས་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཡང་བསྟན་འདུག དེ་ཡང་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་དོན། འགྲེམས་སྟོན་འདི་བཞིན་ལམ་ལྷོང་ཡག་པོ་བྱུང་བ་མ་ཟད། དོན་ཉེར་ཅན་རྣམས་ཀྱིས་བསམ་ཚུལ་གང་ལེགས་བཏོན་བྱུང་། ང་ཚོའི་རེ་བར་ཐེངས་འདིར་འགྲེམས་སྟོན་གཟིགས་མཁན་ཚོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཞེངས་ཕྱོགས་གསལ་རྟོགས་ཐུབ་ཡོད་པ་མ་ཟད།
འགྲེམས་སྟོན་འདི་བརྒྱུད་ནས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཇི་ལྟར་བྱེད་ཐུབ་རྒྱུའི་གོ་སྐབས་གསར་པ་ཞིག་ཀྱང་བསྐྲུན་ཐུབ་ཡོད། ཅེས་གསུངས།
ཕྱོགས་མཚུངས་ཕ་རན་སིའི་དོན་གཉེར་བ་ལྕམ་སྐུ་ཞིག་ནས་གསུང་དོན།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
འགྲེམས་སྟོན་ནས་བོད་ཀྱི་ཡ་ང་བའི་གནས་སྟངས་སྐོར་ཤེས་རྟོགས་བྱུང་སྐབས། ང་རང་ཧ་ཅང་སེམས་སྐྱོ་བའི་ཚོར་སྣང་ཞིག་བྱུང་བ་དང་སྦྲགས། ང་རང་འཛམ་གླིང་གི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་བོད་དོན་ལ་རྒྱབ་སྐྱོར་ཇི་འདྲ་ཞིག་བྱེད་ཐུབ་བམ། ཞེས་རང་གིས་རང་ལ་དྲི་བ་ཞིག་རང་བཞིན་གྱི་བསླེབས་བྱུང་ཞེས་སོགས་ཀྱི་འགྲེལ་བརྗོད་གནང་འདུག