༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་མཐུན་མོང་ནས་གོ་སྒྲིག་གིས་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ཐེ་ཝན་གྲོང་ཁྱེར་གསར་པའི་སན་ཤཱ་ས་ཁུལ་གྱི་རི་སྟེང་དུ་ཐེ་ཝན་དུ་གནས་སྡོད་བོད་མི་སེར་སྐྱ་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་ཐེ་ཝན་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཙམ་མཉམ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་ཐོག་མར་དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་ལྷ་སྲུང་རྣམས་ལ་བསང་གསོལ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ། བོད་སྤྱི་པའི་དོན་ལ་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་གུས་འདུད་ཆེད་སྐར་མ་གཅིག་ངག་བཅད་མྱ་ངན་ཞུས་རྗེས་མཛད་སྒོ་དངོས་གཞི་དབུ་འཛུགས་གནང། དེ་ནས་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་བོད་སྤྱི་པའི་དོན་དུ་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་དབང་གིས་ཐེ་ཝན་ནང་བོད་མི་རྣམས་ཀྱི་མཉམ་འཛོམས་ཚང་མ་ཆོས་ཕྱོགས་ཀྱི་ལས་འགུལ་ཁོ་ན་ཡིན་ཞིང་། ད་ཐེངས་ཀྱི་མཉམ་འཛོམས་ནི་ཐེངས་དང་པོ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་བོད་དོན་ཐོག་སྔར་ལྷག་འབད་བརྩོན་དང་སྤྱི་པའི་ལས་འགུལ་ཐོག་མཉམ་ཞུགས་གནང་དགོས་སྐོར་གྱི་གསུང་བཤད་གནང་། དེ་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དུས་དྲན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་། བོད་མི་རྣམས་ཀྱིས་རང་རང་གིས་བྱེད་ཐུབ་པ་དཔྱ་དངུལ་ལག་དེབ་ངེས་པར་དུ་འབུལ་དགོས་པའི་འབོད་སྐུལ་གནང་། ཐེ་ཝན་ས་གནས་གཞོན་ནུའི་ཚོགས་གཙོ་སྐལ་བཟང་ལྷུན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
དེ་རྗེས་ཆུ་ཚོད་གཅིག་ཙམ་རིང་བོད་མི་རྣམས་ལ་བོད་སྤྱི་པའི་ལས་དོན་ཐོག་ལེགས་སྤེལ་ཉེས་འགོག་དང་། དེ་མིན་རང་རང་གི་བསམ་འཆར་གང་ཡོད་ཤོད་རྒྱུའི་གོ་སྐབས་གནང་། རྒྱུན་དུ་བོད་མིར་རྒྱབ་སྐྱོར་གནང་མཁན་ཐེ་ཝན་བ་སྲས་མོ་ལིའུ་ལགས་ཀྱིས་གསུང་དོན། བོད་ནང་གི་བོད་མིས་ཆོས་དད་རང་དབང་ཆེད་རང་གི་གཅེས་པའི་ལུས་སྲོག་མེར་སྲེག་བཏང་གནང་ཡོད་པས། ཁོང་རྣམ་པའི་རེ་འདུན་མ་འགྲུབ་པ་རྣམས་ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་བསྒྲུབ་དགོས་པ་དང་། བོད་མི་སྤྱིའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ལོག་ཐུབ་པའི་སྨོན་འདུན་དང་འབད་བརྩོན་ཞུ་དགོས་པ་སོགས་གསུངས། མཐར་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་དགྲ་བཅོམ་པ་ལགས་ཀྱིས་གསལ་བཤད་གནང་དོན། བོད་རིགས་ཚོགས་པའི་མིང་ཐོག་ཡོད་པའི་མ་དངུལ་ཚང་མ་ཐེ་ཝན་ནང་ཡོད་པའི་བོད་པའི་ཆོས་ཚོགས་ཁག་དང་། དགེ་འདུན་རྣམས་ཀྱིས་ཞལ་འདེབས་གནང་བ་ཞིག་ཡིན་པས། མ་དངུལ་དེ་དག་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཆེད་གཏོང་རྒྱུ་ཡིན་པ་ལས། བོད་མི་ནང་ཁུལ་གྱི་བྱེད་སྒོ་དང་མཉམ་འཛོམས་ཐོག་བོད་རིགས་ཚོགས་པའི་མ་དངུལ་བེད་སྤྱོད་བྱ་ཐབས་མེད་པས། ཚང་མས་མཉམ་རུབ་དགོས་པའི་འབོད་སྐུལ་གནང་། ཉིན་རྒྱབ་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞབས་གཞས་དང་གླུ་དབྱངས་ཕུལ་ཏེ་མཛད་སྒོ་མཇུག་བསྒྲིལ།