༢༠༡༤ ཟླ་ ༨ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་ (Germany) གྲོང་ཁྱེར་ཧམ་བྷག་ (Hamburg) ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཇར་མན་གྱི་གྲོང་ཁྱེར་ཕེ་རེཀ་ཕོཌ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་རྗེས་ཕྱི་ཚེས་ ༢༣ ཉིན་ས་གནས་གསར་འགྱུར་བརྙན་འཕྲིན་ཁང་གི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་དང། ཀོང་རེ་སི་ཚོགས་ཁང་དུ་མང་ཚོགས་ ༧༠༠༠ བརྒལ་བར་བཟང་སྤྱོད་སྐོར་བཀའ་སློབ་སྩལ། ཕྱི་ཚེས་ ༢༤ ནས་ ༢༥ ཉིན་གཉིས་ཀྱི་རིང་ཇར་མན་གྲོང་ཁྱེར་ཧམ་བྷག་གྷ་ནང་སྤྱོད་འཇུག་གི་གསུང་ཆོས་སྩལ་ཡོད་པ་དང། ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་བོད་རིགས་ ༦༠༠ བརྒལ་བར་ལམ་སྟོན་བཀའ་སློབ་དང་། ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཆུ་ཚོད་ ༩ ཐོག་ཇར་མན་གྲོང་ཁྱེར་ཧམ་བྷག་གི་ཀོང་རེ་སི་ཚོགས་ཁང་ནང་མང་ཚོགས་སྟོང་ཚོ་བརྒལ་བར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གིས་མཚོན་ཆོས་འབྲེལ་སྩལ་ཡོད། ཕྱི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་ ༢༥ དང་ཇར་མན་བོད་རིགས་ཚོགས་པ་དབུ་བརྙེས་ནས་ལོ་ ༣༥ འཁོར་བའི་དུས་ཆེན་མཛད་སྒོ་དང་ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུ་སྐོང་ཚོགས་དབུ་བཞུགས་ཐོག་བཀའ་སློབ་སོགས ་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༨ ཉིན་གྱི་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆུ་ཚོད་ ༡༠ ཐོག་གལ་གྷལ་གནམ་ཐང་དང་། དེ་ནས་ཕེབས་འགྲོ་ཐོག་བཞུགས་སྒར་དུ་༸ཞབས་སོར་འཁོད་སྐབས། སྲི་ཞུ་བས་གཙོས་རྡ་སའི་མི་མང་སོགས་ཀྱིས་་གཞུང་ལམ་གཡས་གཡོན་དུ་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།