༢༠༡༤ ཟླ་ ༨ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༥ ཉིན་ཧམ་བྷག་ཏུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་འབྱོར་གནང་ཡོད། ཐེངས་འདིར་སྲིད་སྐྱོང་མཆོག་ཟླ་ ༨ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ (Hamburg) ཏུ་ཞུང་འབྲེལ་ལས་དོན་ཐོག་མཉམ་ཞུགས་གནང་རྒྱུ་མ་ཟད། ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་དེར་བོད་རྒྱ་མི་རིགས་གཉིས་ཀྱི་ཐུན་མོང་གི་གཞི་རྟེན་འཚོལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་རྒྱ་རིགས་མཁས་དབང་དང། ལས་འགུལ་བ། རྩོམ་པ་པོ། དེ་བཞིན་ཡུ་རོབ་དང་ཨ་རི། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་ནག་རིག་པའི་མཁས་པ་བཅས་བོད་རྒྱ་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་ཚོགས་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་གིས་ཇར་མན་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་དང་། ༸གོང་ས་མཆོག་གི་སྐུ་མདུན་ནས་བཀའ་ཆོས་ཞུ་བར་བཅར་མི་ཡོངས་ལ་གསུང་བཤད་གནང་ཡོད། སྲིད་སྐྱོང་མཆོག་ཇར་མན་གྲོང་ཁྱེར་ཧམ་བྷག་ཏུ་ཕེབས་འབྱོར་སྐབས་ཧམ་བྷག་ཁུལ་གྱི་གསར་འགོད་པ་གཙོ་བོ་དྲུག་དང་ཐུགས་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་ནང་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དབུ་འཛུགས་གནང་རྒྱུ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་རིམ་པས་གོ་བསྡུར་བྱས་ཏེ་མང་གཙོའི་ལམ་ནས་ཐག་གཅོད་བྱུང་བའི་སྲིད་བྱུས་ཤིག་ཡིན་པ་མ་ཟད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དོན་དང་མཐུན་ཞིང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་ཞིག་ཆགས་ཡོད་པའི་སྙིང་དོན་འགྲེལ་བཤད་གནང་བ་མ་ཟད། ཇར་མན་སྤྱི་མཐུན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཀི་རིས་ཀྲོབ་སི་ཀྲས་སེར་ (Christoph Strässer) ལགས་དང་ཐུགས་འཕྲད་གནང་འདུག གཞན་ཡང་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་གིས་ཇར་མན་བོད་རིགས་མཐུན་ཚོགས་བཙུགས་ནས་མི་ལོ་ ༣༥ འཁོར་བ་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་དབུ་འབྱེད་ཐོག་སྲིད་སྐྱོང་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་མཆོག་ནས་གསུང་བཤད་གནང་རྒྱུ་ཡིན་འདུག ཚོགས་ཞུགས་བོད་རྒྱ་མི་རིགས་གཉིས་ཀྱི་འདས་དང་མ་འོངས་པའི་ལས་དོན་སྐོར་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་ཆེད་མཁས་དབང་ཁག་དང་ལྷན་འབྲེལ་ལམ་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་སྐོར་བསམ་ཚུལ་སོགས་བརྗེ་ལེན་གནང་རྒྱུ་ཡིན་འདུག