༢༠༡༤ ཟླ་ ༨ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་མཆོག་གིས་གཙོས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་བཅས་ཨོ་སི་ཊོ་ལི་ཡར་འཚམས་གཟིགས་གོང་ཚེས་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌེ་ནི་ནས་གནང་འགོ་བཙུགས་གནང་ཡོད་པ་ལྟར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ས་གནས་བོད་མི་རྣམས་ལ་འཚམས་གཟིགས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་དོན། ད་རེས་ང་ཚོ་འདི་གར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། འདི་གར་གནས་སྡོད་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་རྒྱ་རིགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་མཚོན་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་ཚོ་དང་ཐུག་འཕྲད་བྱས་ཏེ། བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་ཐུབ་ན་ཡག་པོ་ཡོང་ངེས་ཀྱི་བསམ་ཚུལ་བཏོན་ཡོད།
དེ་བཞིན་དེང་སྐབས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་གསར་རྙིང་བརྗེ་ལེན་དང་། ལྷག་པར་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་ཚོགས་པ་གསར་རྙིང་བརྗེ་ལེན་བྱས་པའི་གནས་ཚུལ་མང་དག་ཅིག་ལ་བརྟེན་ནས་ང་ཚོ་ཕན་ཚུན་ངོ་སྤྲོད་ཡོང་རྒྱུ་གལ་ཆེན་ཆགས་ཡོད། ཕྱོགས་མཚུངས་རྒྱ་ནག་གཞུང་ནས་དྲིལ་བསྒྲགས་ལོག་པ་བྱས་དང་བྱེད་མུས་ཀྱི་གནས་ཚུལ་རྣམས་ཁོང་རྣམ་པ་ཚོར་གསལ་བཤད་བྱེད་རྒྱུ་སོགས་ཀྱི་ལས་གཞི་མང་པོ་ཞིག་ལ་བརྟེན་ནས་ང་ཚོ་འདི་གར་ཡོང་བ་ཡིན། འདི་གར་ཁྱེད་རང་ཚོ་དང་ཐུག་འཕྲད་བྱེད་རྒྱུ་དེ་ནི་བར་ལམ་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་རྒྱུའི་ལས་གཞིའི་ཐོག་ཨོ་སི་ཊོ་ལི་ཡར་གནས་སྡོད་ཆབ་སྲིད་བཙོན་ཟུར་ཁག་གཅིག་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་བཞིན་ཡོད་པ་དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད།
སྤྱིར་བཏང་ཆབ་སྲིད་བཙོན་ཟུར་རྣམས་བོད་ནང་རྒྱ་ནག་གཞུང་གི་ཁ་གཏད་ལ་ལངས་ཏེ་བཙན་བྱོལ་དུ་ཡོང་བ་ཆགས་ཀྱི་ཡོད། དེ་ནས་རྒྱལ་ཁབ་འདིའི་ནང་སྐྱབས་བཅོལ་དུ་བསླེབས་ཟིན་རྗེས་སླར་ཡང་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད།
དཔེར་ན། དཔལ་འབྱོར་ཚེ་རིང་ཟེར་བ་དང་འཕྲིན་ལས་རིན་ཆེན་ཟེར་བའི་རིགས་བོད་མི་དམངས་ཀྱི་ཞབས་འདྲེན་ཞུ་མཁན་ཞིག་རེད། མི་སྣ་དེ་དང་ལྷན་འབྲེལ་བས་མཚོན་མཉམ་དུ་འགྲོ་རྒྱུར་བསམ་བློ་ཏན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག དེ་ནས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དབུ་མའི་ལམ་གྱི་སྐོར་དང། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་གནས་ཚུལ་ངོ་སྤྲོད། སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་ཀྱིས་དོལ་རྒྱལ་སྐོར་བཅས་ལ་གསུང་བཤད་གྲུབ་མཚམས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །