༢༠༡༤ ཟླ་ ༨ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལོ་འདི་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་རྡ་སའི་ཉེ་འགྲམ་རྡ་རམ་ཀོར་ཊེ་ཞེས་པའི་རྒྱ་གར་གྲོང་གསེབ་ཀྱི་རི་ཁྲོད་དུ་རྒྱ་གར་ཡུལ་མི་དང་བོད་མི་ཟུང་འབྲེལ་ཐོག་ཤིང་སྣ་འདྲ་མིན་འདེབས་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་འདུག
ལས་འགུལ་དེའི་དགོས་དམིགས་སྐོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པས་འགྲེལ་བརྗོད་གནང་གསལ། ཕྱི་ལོ་ ༢༠༡༤ ལོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དུ་མ་ཡོད་ཁོངས་ནས་གཅིག་ཆགས་ཀྱི་ཡོད། ཐེངས་འདིའི་ལས་འགུལ་གཙོ་བོ་རི་ལྡེབས་སུ་ཤིང་སྣ་འདེབས་འཛུགས་བྱེད་ཀྱི་ཡོད། ལས་འགུལ་འདི་ནི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་འདུག ལྷག་པར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་གསུང་གསལ། རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་དྲིན་རྗེས་དྲན་ལོ་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་དགོངས་གཞི་ཁག་སྒྲུབ་ཐབས་བྱེད་རྒྱུ་མ་ཟད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དུས་རྒྱུན་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་དང་ཕེབས་མུས་རེད། དེར་བརྟེན་ང་ཚོས་ཀྱང་ཁོང་གི་བཀའ་སློབ་ལམ་སྟོན་ཁག་གཞིར་བཟུང་དེ་རིང་ཤིང་སྣ་འདྲ་མིན་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་ཡོད། ལས་འགུལ་འདིའི་ནང་རྒྱ་གར་བ་དང་བོད་མིས་དགའ་བཞིན་སྤྲོ་བཞིན་ཐོག་ནས་མཉམ་ཞུགས་གནང་བར་ཧ་ཅང་དགའ་པོ་བྱུང། མ་འོངས་པར་ཡང་ལས་འགུལ་འདིའི་རིགས་སྤེལ་རྒྱུའི་བང་རིམ་བསྒྲིགས་ཡོད། ཅེས་སོགས་འགྲེལ་བརྗོད་གནང་འདུག