༢༠༡༤ ཟླ་ ༨ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ ནས་ཕྱི་ཟླ་ ༩ ཚེས་ ༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཇར་མ་ནིའི་གྲོང་ཁྱེར་ཧམ་བྷག་(Hamburg)ཏུ་བོད་རྒྱ་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་ཚོགས་ཞུགས། བྱང་ཨ་རིའི་རྒྱལ་ས་ཊ་ཤིང་ཊོན་ཌི་སིར་(Washington D.C)བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དུ་ཚོགས་ཞུགས་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༡ ཉིན་རྡ་ས་ནས་ལྡི་ལིར་ཕེབས་འབྱོར་གྱིས་ཁུལ་དེར་ཕྱི་ཚེས་ ༢༢ ནས་ ༢༤ བར་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་ཕེརངྐ་ཕརཊ་བརྒྱུད་ཧམ་བྷག་ཏུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༢༦ དང་ ༢༧ བཅས་ས་གནས་སུ་ལས་འཆར། ཕྱི་ཚེས་ ༢༧ ཉིན་ཧམ་བྷག་ནས་ཕེརངྐ་ཕརཊ་བརྒྱུད་བྷོ་སི་ཊོན་དུ་ཕེབས་འབྱོར། ཕྱི་ཚེས་ ༢༨ ཉིན་ས་གནས་སུ་མི་སྣ་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་བྷོ་སི་ཊོན་ནས་ཌི་སིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༣༠ ཉིན་ས་གནས་སུ་ལས་འཆར་ནང་མཉམ་ཞུགས་གནང་སྟེ། དེ་ཉིན་ཌི་སི་ནས་ཕེརངྐ་ཕརཊ་བརྒྱུད་ལྡི་ལིར་ཕེབས་འབྱོར་གྲུབ་མཚམས། ཕྱི་ཚེས་ ༡ ཉིན་ལྡི་ལི་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།