༢༠༡༤ ཟླ་ ༨ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་པ་བསྟན་འཛིན་དབང་གྲགས་ལགས་དང་བསྟན་འཛིན་ཚེ་དབང་ལགས་གཉིས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ དང་ ༢༦ ཉིན་སོ་སོར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་སྨན་ལྷ་སྨན་ཁང་དང་། ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ཕན་བདེ་སྨན་ཁང་བཅས་སུ་སྨན་པར་བསྐོ་གཞག་གནང་འདུག
སྨན་པ་ཁོང་གཉིས་ནི་ཀང་རཱར་རྟེན་གཞི་བྱས་པའི་རཱ་ཇིནྡྲཱ་པྲཱ་སཱད་སྨན་པའི་མཐོ་སློབ་ནས་ Dr Rajendra Prasad Government Medical College སྨན་པའི་སློབ་སྦྱོང་ MBBS ལེགས་པར་ཐོན་འདུག་པ་དང་། ད་ལྟའི་ཆར་ཁོང་གཉིས་སྦིར་དང་སྦེལ་ཀོབ་བཅས་སུ་སྨན་པ་བགྲེས་པ་དང་མཉམ་དུ་ཕྱག་ལས་གནང་མུས་ཡིན་འདུག ཁོང་གཉིས་ནས་སྨན་པའི་སློབ་སྦྱོང་ཐོན་རྗེས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་ནང་ཞབས་འདེགས་ཞུ་མ་ཐུབ་ཚེ་གུན་གསབ་ཧིན་སྒོར་འབུམ་ཉི་ཤུ་ཐམ་པ་འཕྲོད་བསྟེན་ལས་ཁུངས་སུ་ཕྱིར་སློག་བྱ་རྒྱུའི་གན་རྒྱ་གསར་པར་མོས་མཐུན་གནང་འདུག
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་པ་ཁོང་རྣམ་གཉིས་ལ་ལས་དོན་ཁག་དོན་འཁྱོལ་ཡོང་བའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་རྣམ་གཉིས་ནས་རང་གི་འཇོན་ཐང་ལ་དཔག་པའི་བོད་མི་རྣམས་ལ་གང་ཐུབ་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་པ་དང་། ད་ལྟ་སྨན་པའི་སློབ་སྦྱོང་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་སྨན་སློབ་ MBBS ཐོན་རྗེས་བོད་པའི་སྤྱི་ཚོགས་ཁྲོད་ཞབས་ཞུ་བསྒྲུབ་དགོས་པའི་འབོད་སྐུལ་ཡང་གནང་འདུག
བོད་མིའི་གཞིས་ཆགས་མེའོ་དང་མེན་སྤར། བལ་ཡུལ་སྤོག་ར། བྷན་རྡ་ར། ལ་དྭགས། ཀོ་ལི་གྷལ། མོན་གྷོ། སྦེལ་ཀོབ། བོད་མིའི་སྨན་བཅོས་ལྟ་སྐྱོང་སྡེ་ཚན་སོགས་ལ་ད་དུང་ཛ་དྲག་འོག་ཨེམ་བྷི་བྷི་ཨེ་སི་ (MBBS) སྨན་པ་དགུ་དགོས་མཁོ་ཆགས་འདུག སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་སྨན་ཁང་ཆེ་བ་བདུན་དང་། སྨན་ཁང་ཆུང་འབྲིང་བསྡོམས་ ༤༣ འདུག དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱིས་སྡེ་ར་ལྡུན་དུ་མངོན་དགའ་སློབ་གྲྭ་བཙུགས་པ་དང་། ད་ལྟའི་ཆར་ཨོ་རི་སར་དང་། ཀོ་ལི་གྷལ། མོན་གྷོ། ཧོན་སུར། སྦིར་བཅས་ལ་ཕྱི་ལུགས་སྨན་པ་རེ་རེས་ཕྱག་ལས་གནང་མུས་ཡིན་པ་དང་། སྦེལ་ཀོབ་ཏུ་ཕྱི་ལུགས་སྨན་པ་དྲུག་དང་། བདེ་སྐྱིད་གླིང་དུ་གཉིས། རྡ་སར་དྲུག མ་སུ་རིར་གཅིག་བཅས་ཁྱོན་བསྡོམས་ཕྱི་ལུགས་སྨན་པ་བཅུ་དགུས་ཕྱག་ལས་གནང་མུས་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྨན་པའི་ཟུར་བཅད་ཞབས་སྟེགས་ཐོག་སྨན་པའི་སློབ་སྦྱོང་གནང་ནས་ཕྱིར་འཁོར་མཚམས་གན་རྒྱའི་འབྲུ་དོན་ལྟར་འཕྲོད་བསྟེན་ལས་ཁུངས་སུ་ཉུང་མཐར་ལོ་གསུམ་ཞབས་ཞུ་བསྒྲུབ་དགོས། གན་རྒྱའི་འབྲུ་དོན་ལྟར་ཨེམ་བྷི་བྷི་ཨེ་སི་སྨན་པའི་སློབ་སྦྱོང་ཐོན་ཟིན་ནའང་ཞབས་འདེགས་མ་ཞུ་མཁན་མོན་གྷོ་གཞིས་ཆགས་ནས་གསུམ་དང་། མ་ན་ལི། ཀོ་ལི་གྷལ། སོ་ན་ད། རྡ་ས། བལ་ཡུལ་བཅས་ལ་རེ་རེ་ཡི་ཁྱོན་བརྒྱད་ཡོད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༡ ནས་བཟུང་མེའོ་དང་ཨོ་རི་ས། མེན་སྤར། བྷན་རྡ་ར། ལ་དྭགས། སོགས་ས་ཐག་རིང་བའི་ས་ཁུལ་ཁག་ཏུ་སྨན་པ་བྱེད་འདོད་ཡོད་མཁན་རིགས་ལ་ལོ་གསུམ་ཞབས་ཞུ་བསྒྲུབ་རྒྱུའི་ཚབ་ཏུ་ལོ་གཉིས་རིང་ཞབས་ཞུ་བསྒྲུབ་ན་འཐུས་རྒྱུའི་བཀའ་འཁྲོལ་གནང་ཡོད་འདུག