༢༠༡༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་དམ་ཆོས་ཚུལ་ཁྲིམས་ལགས་ལོ་གཉིས་དང་ཕྱེད་ཀའི་བཙོན་དུས་གཙང་ནས་བཙོན་བཀྲོལ་བྱུང་བར་བོད་མི་ཚོས་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་ནས་ཐད་ཀར་ཕ་ཡུལ་དུ་བསྐྱལ་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༢ པར་མཚོ་སྔོན་གྱི་ཐེམ་ཆེན་རྫོང་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་རྗེས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་ཚུལ་ཁག་དཀྲིས་འོག་རྒྱ་ནག་གཞུང་ནས་དགོན་པ་དེའི་དགེ་འདུན་པ་དགུ་དང་མི་སྐྱ་གཅིག་བཅས་ལ་ལོ་གཅིག་ནས་བཅུ་བར་གྱི་དུས་ཡུན་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁོངས། ཕ་ཡུལ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོ་ནས་ཡིན་པའི་དགེ་འདུན་པ་དམ་ཆོས་ཚུལ་ཁྲིམས་ལགས་སུ་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ད་ཆ་དུས་ཚོད་གཙང་རྗེས་གློད་བཀྲོལ་ཐོབ་ཡོད་འདུག ཐེམ་ཆེན་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ལམ་བར་དུ་ཁོང་ལ་བོད་མི་ཚོས་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ། བཙོན་འཇུག་བྱེད་སའི་ཟི་ལིང་བཙོན་ཁང་ནས་ཐད་ཀར་མཁར་དམར་ཡུལ་ཚོའི་རང་ཁྱིམ་དུ་བསྐྱལ་ཡོད་འདུག འོན་ཀྱང་དམ་ཆོས་ཚུལ་ཁྲིམས་ལགས་རང་ཁྱིམ་དུ་འབྱོར་མ་ཐག་ཁོང་གི་ཆོས་གྲོགས་དང་ཁྱིམ་མཚེས། གཉེན་ཉེ་འཁོར་སོགས་བོད་མི་མང་པོ་ཞིག་གིས་ཆེད་དུ་ཁོང་གི་ཁྱིམ་ཁང་དུ་བསྐྱོད་དེ་མཇལ་དར་སོགས་ཀྱིས་ཕེབས་བསུ་ཞུས་འདུག དམ་ཆོས་ཚུལ་ཁྲིམས་ལགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་ཁོང་སླར་ཡང་དགོན་པར་ཆོས་ཞུགས་བྱེད་དུ་འཇུག་མིན་ད་ལྟ་ཁ་གསལ་མེད།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ཉིན་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་སོང་རྗེས་དགོན་པའི་དགེ་འདུན་པ་དང་སྐྱ་བོ་འཛིན་བཟུང་བྱས་པའི་ཁྲོད་ནས་ལོ་ ༡༠ ཡི་ཁྲིམས་ཆད་ཕོག་པའི་དགེ་བཤེས་མཁས་གྲུབ་རྒྱ་མཚོ་ལགས་དང་། ལོ་དགུའི་ཁྲིམས་ཆད་ཕོག་པ་སངས་རྒྱས་རྒྱ་མཚོ་ལགས་སྤུན་མཆེད་གཉིས། དེ་བཞིན་ལོ་ ༨ ཀྱི་ཁྲིམས་ཆད་ཕོག་པ་སྐལ་བཟང་བྱང་སེམས་ལགས་བཅས་ད་ལྟ་ཟི་ལིང་གི་བཙོན་ཁང་ནང་བཙོན་འཇུག་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་ཡོད་འདུག