༢༠༡༤ ཟླ་ ༨ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་ (Germany) གྲོང་ཁྱེར་ཧམ་བྷག་ (Hamburg) ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་སྟོན་འཁོར་ལྷན་རྒྱས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ཉིན་གྱི་ཆུ་ཚོད་ ༡༢།༤༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་སྐབས་རྡ་ས་ཁུལ་དུ་གནས་སྡོད་དད་ལྡན་སེར་སྐྱ་མི་དམངས་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་བདུག་སྤོས་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྟེ། འཇིག་རྟེན་པའི་བཟང་སྤྱོད་ཅེས་པའི་འགོ་བརྗོད་འོག་མི་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་ཡ་རབས་གཤིས་བཟང་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༥ བར་ཉིན་གཉིས་རིང་ཇར་མན་གྲོང་ཁྱེར་ཧམ་བྷག་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་སྩལ་རྒྱུ། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་དབང་སྩལ་རྒྱུ་ཡིན་འདུག གཞན་ཡང་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་སྟེ་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་དང་། ས་གནས་ཀྱི་བོད་མི་རྣམས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།