༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༡ མཚན་མོ་བོད་མདོ་ཁམས་སྡེ་དགེ་འདན་མ་སྟེ། ད་སྐབས་རྒྱ་ནག་གིས་བོད་ས་བགོས་གཞིར་བཟུང་བྱས་པ་ལྟར་ན་སི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་སེར་ཤུལ་རྫོང་། འདན་མ་ཤུག་པ་སྡེ་པའི་སྡེ་དཔོན་དབང་གྲགས་ལགས་རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་ཐོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག དབང་གྲགས་ལགས་ནི། ལོ་ན་ ༤༥ ཡས་མས་ཙམ་དང་། སྡེ་དགེ་འདན་མ། ལོ་ཕྱུག་ཤུག་པ་གྲོང་སྡེ་ནས་ཡིན་འདུག་པ་དང་ཤུག་པ་སྡེ་པའི་སྡེ་དཔོན་དང་། འདན་མའི་རྟ་རྒྱུག་གི་འགན་འཛིན་ཡང་ཡིན་པ་རེད། ནམ་རྒྱུན་མི་མང་ཉམ་ཐག་དང་། གཞན་གྱིས་བརྙས་བཅོས་གཏོང་ཡུལ་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱེད་མཁན་གྱི་བོད་མི་ཞིག་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་མང་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་ནས་ལོ་ཕྱུག་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁར་མི་མང་བརྒྱ་ཕྲག་ལྷག་འཛོམས་ཏེ། ང་ཚོའི་སྡེ་དཔོན་ཉེས་མེད་ཐོག་བཙན་ཁྲིད་བྱས་པ་གློད་བཀྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་པ་དང་། སེར་ཤུལ་རྫོང་ཐོག་ནས་རྒྱ་གཞུང་གི་དྲག་དམག་ཡོང་སྟེ། ཞི་བའི་མང་ཚོགས་ཁྲོད་དུག་རྫས་གཏོར་བ་དང་། མེ་མདའ་གང་བྱུང་འཕངས་ནས་དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་ལ་མདེའུ་གཉིས་དང་། དབང་གྲགས་ཀྱི་སྤུན་མཆེད་བཟང་པོ་ལ་མདེའུ་གཉིས་ཐེབས་འདུག་པས་མཚོན། བོད་མི་བཅུ་ཡས་མས་ཙམ་ཞིག་ལ་ཤི་གསོན་ཅི་འགྱུར་མི་ཤེས་པའི་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་སྔར་ལས་ཛ་དྲག་པའི་གནས་ཚུལ་ཐོན་པའི་ཐོག བོད་མི་ ༢༠ ལྷག་འཛིན་བཟུང་བྱས་པ་དང་། དེ་ཉིན་གྱི་མཚན་གུང་སྨག་རུམ་ཁྲོད་རྒྱ་དམག་གི་རླངས་འཁོར་མང་པོ་ཞིག་འབྱོར་ཏེ་བོད་མི་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཕྱི་ཚེས་ ༡༢ ནས་འཛིན་བཟུང་བྱས་པ་སྡེ་དཔོན་གཞོན་པ་དབང་ཆེན་གྱིས་གཙོས་མི་གྲངས་ ༢༥ ཙམ་གྱི་མིང་ད་ལྟ་ཤེས་རྟོགས་ཐུབ་པ་བྱུང་འདུག སྡེ་དཔོན་དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་སྐྱེ་རྒུ་ཁུལ་གྱི་སྨན་ཁང་དུ་སྨན་བཅོས་ཆེད་ཁྱེར་ཡོད་ནའང་། སྨན་ཁང་ནས་ཁོང་གི་ལུས་སྟེང་དུ་མདེའུ་གཉིས་ཡོད་པའི་མདེའུ་མགོ་ཕྱིར་འདོན་རོགས་མ་བྱས་པར་ལུས་ཡོད་འདུག་ལ། ད་སྐབས་ཁོང་གི་གནས་སྟངས་ཆེས་ཛ་དྲག་ཅན་ཆགས་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་ཤུག་པ་སྡེ་པ་ཡོངས་དམག་མིས་བསྐོར་ཟིན་པ་དང་། ཕོ་གཞོན་ཕལ་ཆེར་རི་མགོ་སོགས་སུ་བྲོས་དགོས་ཐུག་ཡོད་འདུག ཤུལ་ལུས་ནང་མི་དང་བུད་མེད་ཚོར་གཅར་རྡུང་ཐོག་འདྲི་རྩད་ཚ་ནན་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་འདུག
སྤྱིར་བཏང་ཤུག་པ་སྡེ་པའི་ནང་མི་གྲངས་ ༧༠༠ ཙམ་ཡོད་འདུག་པ་ལས་ཕྱི་ཚེས་ ༡༦ ཉིན་སྐྱ་སེར་གཉིས་ཀྱི་སྐྱེས་པ་ལོ་ ༡༢ ཡན་ཆད་ནས་རྒན་རྒོན་ལོ་རྒས་མན་ཆད་ཆ་ཚང་འཛིན་བཟུང་གིས་ལོ་ཕྱུག་ས་གནས་ཀྱི་བཙོན་ཁང་ནང་བཅུག་པ་དང་། དེའི་ནང་མ་ཤོང་བ་རྣམས་སྨན་ཁང་གསར་པའི་ནང་བཀག་བསྐྱིལ་བྱས་ཏེ། ཁོ་ཚོའི་མགོ་སྐྲ་བྲེགས་ཏེ་མགོ་རིལ་བཟོས་ཡོད་འདུག་པ་དང་། ད་ལྟའི་ཆར་བཀྲ་ཤིས་ཉི་ཤར་དགོན་ནམ་ཤུག་པ་མེ་རུ་དགོན་པའི་ནང་དུ་མཐའ་ན་དཀོར་གཉེར་དང་། སྒྲུབ་ཁང་གི་སྒྲུབ་དཔོན་ཀྱང་མ་བཞག་པར་འཛིན་བཟུང་བྱས་ཟིན་པའི་གནས་སྟངས་ཆགས་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་འདན་མ་རུ་ཉེ་ཆར་དྲག་གནོན་བྱས་པའི་ཁྲོད་རྨས་སྐྱོན་ཐེབས་པ་དང་། དེ་ནས་འཛིན་བཟུང་གིས་བཀག་བསྐྱིལ་བྱས་པ་ཤུག་པ་སྡེ་བའི་སྐྱེས་པ་བློ་དཔལ་བཟང་གིས་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བཀག་བསྐྱིལ་ཁང་དུ་རང་ཤི་བརྒྱབ་དགོས་ཐུག་ཡོད་འདུག་པ་དང་། ཉེ་ཆར་དྲག་གནོན་ཁྲོད་རྨས་མར་གྱུར་པའི་རང་ལོ་ ༢༢ ཅན་གྱི་སྐྱེས་པ་ཞིག་ཀྱང་དེ་ཉིན་འདས་གྲོངས་ཕྱིན་ཡོད་འདུག་ཀྱང་མིང་དང་ལོ་གྲངས་སོགས་ཁ་གསལ་ཤེས་རྟོགས་ཐུབ་མི་འདུག
རྨས་མ་རྣམས་དང་པོ་སྐྱེ་རྒུ་སོགས་སྨན་ཁང་ནང་ཁྱེར་ནས་སྨན་བཅོས་བྱས་ཡོད་ནའང་། དེ་རྗེས་ཚང་མ་ཕྱིར་འདན་མ་རུ་ཁྲིད་ནས་ད་ལྟ་སྨན་བཅོས་ཀྱི་གོ་སྐབས་འཕྲོག་སྟེ་བཀག་བསྐྱིལ་བྱས་ཡོད་འདུག་པ་དང་། བཀག་ཉར་བྱས་པ་རྣམས་ལ་ཕྱི་ཕྱོགས་ནས་སུས་ཀྱང་འབྲེལ་གཏུག་མི་ཆོག་པ་དང་། རྨས་མ་རྣམས་ལ་ནད་གཡོག་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པར་བཀག་བསྐྱིལ་བྱས་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་ལོ་ཕྱུག་ས་ཁུལ་གྱི་དྲན་འཁོང་ཤང་ཟེར་བའི་མི་རྣམས་ལ་དབང་གྲགས་འཛིན་བཟུང་བྱེད་དོན་ནི། རྟ་རྒྱུག་སོགས་ཀྱི་གནད་དོན་མིན་པར་ཁོས་སྤྱི་རྒྱུ་ལྐོག་བཟས་བྱས་པས་རེད་ཟེར་དགོས་རྒྱུའི་ཆེད་དུ་ཚོགས་འདུ་བསྐང་རྒྱུ་བྱས་ཡོད་འདུག་ཀྱང་། མང་ཚོགས་འདུ་རོགས་བྱས་ཡོད་མི་འདུག་པས་ཕྱི་ཚེས་ ༡༩ ཉིན་བསྐྱར་དུ་ཚོགས་འདུ་བསྐོང་འཆར་གྱི་བཀའ་རྒྱ་བཏང་ཡོད་འདུག
ཉེ་སྔོན་ཕྱི་ཚེས་ ༡༢ ཉིན་གྱི་དྲག་གནོན་འོག་རྨས་སྐྱོན་ཐེབས་པ་དང་། རྗེས་སུ་སེར་ཤུལ་བཙོན་ཁང་དུ་བཅུག་ནས་རྡུང་རྡེག་དྲག་པོ་བཏང་རྐྱེན་འདས་གྲོངས་ཕྱིན་པ། དབང་གྲགས་ཀྱི་ཨ་ཞང་། ཚེ་དབང་མགོན་པོ། རང་ལོ་ ༦༠ ཙམ་དང་། དབང་གྲགས་ཀྱི་སྤུན་མཆེད། ཡེ་ཤེས། རང་ལོ་ ༤༢ དབང་གྲགས་ཚང་གི་མག་པ། སྦྱིན་པ་མཐའ་ཕྱིན། རང་ལོ་ ༡༨ བཅས་ཀྱི་ཕུང་པོ་རྣམས་ཚེས་༡༨ ཉིན་ལོ་ཕྱུག་དུ་ཚུར་བསྐྱལ་ནས་ནང་མིར་སྤྲད་ཡོད་པའི་གནས་ཚུལ་འབྱོར་བ་བཅས་ཆེས་ཛ་དྲག་གི་གནས་སྟངས་ངང་ལྷུང་ཡོད་འདུག་པར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་བསྒྲགས་གཏམ་སྤེལ་རྒྱུར།
རྒྱ་ནག་དམར་གཞུང་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་སྟེ་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གུ་ཡངས་རྩ་བ་ནས་བཏང་མྱོང་མེད་པ་མ་ཟད། ཉེས་མེད་བོད་མི་དམར་གསོད་དང་། འཛིན་བཟུང་བཙོན་འཇུག དོན་མེད་སུན་གཙེར་བཟོ་བ་སོགས་ཀྱང་མཚམས་ཆད་མྱོང་མེད་ཅིང་། རྒྱ་གཞུང་གི་དབང་འཛིན་རིམ་པས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་དགོས་ཚུལ་སོགས་ཆད་མེད་བསྒྲགས་དང་སྒྲོག་བཞིན་ཡོད་ནའང་གཞིས་བཞུགས་བོད་མི་རྣམས་བློ་བཟོད་བདེ་བའི་ཉིན་གཅིག་བྱུང་མྱོང་མེད་པ་དང་། བོད་ས་དུམ་བུ་འདྲ་མིན་དུ་བཟོས་པའི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་སོགས་སུ་རྒྱ་གཞུང་གིས་དམིགས་བསལ་མི་རིགས་དབྱེ་འབྱེད་སོགས་ཀྱི་དམ་དྲག་གི་བྱེད་ཐབས་འདྲ་མིན་ལ་བརྟེན་ནས་བོད་མི་རྣམས་རང་སར་སྡོད་བློས་མ་བཟོད་པར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྣ་ཚོགས་དང་འབྲེལ་ཞི་རྒོལ་རྔམ་སྟོན་རྒྱུན་ཆད་མྱོང་མེད་པ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༣༠ ཡིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་ནའང། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་གནང་མཁན་དེ་དག་གི་མངོན་འདོད་ལ་བདག་སྤྲོད་ཙམ་ཡང་མ་བྱས་པར་ཁོང་རྣམས་ཀྱི་གཉེན་འབྲེལ་ལྟོས་བཅས་དང་། ཡུལ་མི་ཁྱིམ་མཚེས་མང་པོ་དོན་མེད་ཁྲིམས་ལ་བཙན་སྦྱར་བྱས་ཏེ་ངོ་ཚ་ཁྲེལ་གཞུང་མེད་པའི་དྲག་གནོན་དང་སུན་གཙེར་བྱས་དང་བྱེད་བཞིན་པ་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།
དམིགས་བསལ་ད་ལན་སྡེ་དགེ་འདན་མ་ཤུག་པ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་ལགས་རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་ཐོག་འཛིན་བཟུང་བཀག་ཉར་བྱས་པ་དང་། དེ་འབྲེལ་བདེན་རྒྱབ་དཔུང་རོགས་གནང་མཁན་ཞི་བའི་མི་མང་ཁྲོད་དེང་རབས་ཀྱི་མཚོན་ཆ་བེད་སྤྱོད་བཏང་སྟེ། མི་སྤྱོད་ལས་འདས་པའི་དྲག་གནོན་གྱིས་བོད་མི་མང་པོར་ཆེས་ཚབས་ཆེའི་རྨས་སྐྱོན་བཟོས་པའི་མ་ཚད། འཛིན་བཟུང་བཀག་བསྐྱིལ་འོག་མནར་གཅོད་ཚད་མེད་བཏང་སྟེ་དམར་གསོད་བཏང་ཡོད་པ་དང་། རྨས་མར་སྨན་བཅོས་དུས་ཐོག་མ་སྤྲད་པར་འདས་གྲོངས་སུ་གྱུར་པ་སོགས་ཆེས་ཐབས་སྐྱོའི་རང་བཞིན་གྱི་གནས་སྟངས་ངང་ལྷུང་དགོས་ཐུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡུལ་སྡེ་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་ཆབས་ཅིག་དེ་དག་གི་ངན་ཁག་ཡོངས་རྫོགས་རྒྱ་གཞུང་ནས་ཁུར་དགོས་པའི་དྲན་སྐུལ་ནན་པོ་བྱེད་རྒྱུ་ཡིན།
ད་ལན་རྒྱུ་རྐྱེན་ཁ་གསལ་གང་ཡང་མེད་པའི་ཐོག་རྒྱ་གཞུང་གིས་ཉེས་མེད་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྨས་སྐྱོན་བཏང་བ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཚད་ལྡན་སྤྲོད་དགོས། དུས་མིན་རྐྱེན་འདས་སུ་བཏང་བའི་ནང་མིར་གུན་གསབ་དང་འབྲེལ་རྒྱ་གཞུང་གི་དཔོན་རིགས་ཚོས་ཤུག་པ་སྡེ་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུ་དགོས། ད་སྐབས་རྒྱ་གཞུང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་རྩ་མེད་བཟོས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་བསྒྲུབ་རྒྱུ་ཡིན་སྐོར་ཤོད་བཞིན་ཡོད་པ་ལྟར་དོན་མེད་མི་སེར་ལ་དྲག་གནོན་དང་། ཆབ་སྲིད་ཀྱི་ཁེ་དབང་གང་ཡང་མེད་པ་བཟོས་དང་བཟོ་བཞིན་པ་འདི་རྣམས་ནི་ལྐོག་ཟ་རུལ་སུངས་ལས་ཀྱང་ཆེས་ཉེན་ཚབས་ཆེ་བར་ངོས་ཟིན་པའི་ཐོག་འདི་རིགས་ངེས་པར་དུ་མཚམས་འཇོག་བྱ་དགོས།
རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་གཙོས་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་དང་གྲོས་ཚོགས། སྤྱི་སྒེར་ཚོགས་སྡེ་ཡོངས་ནས་བདེན་རྒྱབ་དཔུང་རོགས་དང་འབྲེལ་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འདི་རྣམས་ལ་བདག་སྐྱོང་གནང་སྟེ་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཐུགས་འགན་ཆེ་བཞེས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་གསར་འགོད་པ་དང་། རྟོག་ཞིབ་ཚོགས་པ་སོགས་བོད་ནང་འཕྲལ་གཏོང་ཡོང་ཐབས་ཀྱི་ཐུགས་ཁུར་ཆེ་བཞེས་ཡོང་བ་ཞུ་རྒྱུ་བཅས།