༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་དཀར་མཛེས་མདའ་ཁུག་ཞབས་ཚང་པདྨ་ཚེ་དབང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༠༨ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། མདོ་ཁམས་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་དྲུག་དང་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་པ་མ་ཟད། ལོ་ངོ་དེ་དག་གི་རིང་རྒྱ་དམར་ནས་རིན་པོ་ཆེ་མཆོག་ལ་ཉེས་རྡུང་དང་ཟས་བཀག་སོགས་མི་སྤྱོད་ལས་འདས་པའི་ཉེས་པ་འདྲ་མིན་བཏང་རྐྱེན། ཁོང་ད་ལྟའི་ཆར་སྔར་དང་མི་འདྲ་བར་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོར་གནས་ཡོད་ལུགས་ཁུངས་ལྡན་གནས་ཚུལ་གོ་ཐོས་བྱུང་བས། འཛམ་གླིང་ཁྱོན་ཡོངས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རིན་པོ་ཆེ་མཆོག་སྨན་བཅོས་བྱེད་པར་ནར་འགྱངས་མ་སོང་བ་གང་མགྱོགས་བཙོན་ནས་གློད་བཀྲོལ་གྱིས་སྨན་བཅོས་ལ་ངེས་པར་གཏོང་གནང་ཡོང་བའི་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་དང་བཅས་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་གཤམ་དུ་བཀོད་ཡོད།
དེ་ཡང་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕྱི་ལོ་༡༩༥༧ ཟླ་༠༡ ཚེས་༠༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། བེ་རི་སྡེ། གསེར་མཁར་ཤང་། མཆིག་རིང་གྲོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རིན་པོ་ཆེ་ཁོང་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་། ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་ལ། སྤང་རི་སྣ་སྒེར་གྱི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན། ཁོང་གི་མཛད་པར་དཀར་མཛེས་མི་མང་རྣམས་ཀྱིས་རྒྱབ་སྐྱོར་དང་དད་སེམས་གཡོ་མེད་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
ཁོང་གིས་བོད་མི་མང་དང་རང་ཡུལ་ཡར་རྒྱས་གཏོང་བའི་མཛད་པ་རྒྱ་ཆེ་བསྐྱངས་པར་རྒྱ་གཞུང་གིས་རིན་པོ་ཆེ་ཁོང་ལ་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་བཙུན་མ་ཚོས་རྒྱ་གཞུང་ནས་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་ངོ་རྒོལ་བྱས་པ་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡིག་ཆའི་སྟེང་མཚན་རྟགས་མ་བཀོད་པ། དེ་བཞིན་ཕྱི་ལོ་༢༠༠༨ ཟླ་༥ ཚེས་༡༤ ཉིན་སྤང་རི་སྣ་དགོན་པའི་བཙུན་མ་ལྔ་བཅུ་ང་བཞིས་དུས་གཅིག་ཏུ་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ཁྲོམ་སྐོར་བྱས་པ་སོགས་དང་འབྲེལ་བ་ཡོད་པ་བཤད་དེ། ཉེན་རྟོག་པས་གོང་ཚེས་ཉིན་ནས་བཟུང་རིན་པོ་ཆེར་རྗེས་དེད་དང་རྟོག་ཞིབ་བྱས་འདུག་ལ། བཙུན་དགོན་གཉིས་ཀྱི་བཙུན་མ་ཚོས་ངོ་རྒོལ་བྱས་པ་དེ་དག་རིན་པོ་ཆེ་མཆོག་གིས་ངན་སྐུལ་བྱས་པ་སོགས་སྙད་འདོགས་འདྲ་མིན་དང་།
ཕྱི་ལོ་༢༠༠༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གློ་བུར་སྙུང་གཞི་བཞེས་སྐབས། སྤང་རི་སྣ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དཀར་མཛེས་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཞབས་རིམ་འབད་སྒྲུབ་བྱས་པ་སོགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་སྣ་ཚོགས་བཏགས་ཏེ། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་ཐོ་རངས་བོད་ནང་ཆུ་ཚོད་བཞི་པ་ཙམ་ལ་རིན་པོ་ཆེའི་གཟིམ་ཆུང་གློ་བུར་དུ་རྒྱ་དམག་གིས་མཐའ་བསྐོར་ཏེ། ནང་དུ་བཙན་འཛུལ་གྱིས་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཁང་པའི་ནང་གང་སར་སྔོག་བཤེར་བྱས་འདུག དེ་བཞིན་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱང་དམག་མི་དང་ཉེན་རྟོག་པ་༢༠༠༠ ལྷག་གིས་མཐའ་སྐོར་དམ་འཛིན་བྱས་ཡོད་འདུག་ལ། ཉིན་དེར་དཀར་མཛེས་རྫོང་གི་ཁ་པར་དང་དྲྭ་གནས་སོགས་བརྡ་འཕྲིན་བརྒྱུད་ལམ་དང་འགྲིམ་འགྲུལ་ཚང་མ་བཀག་བསྡོམས་བྱས་ཡོད་འདུག
དེ་ནས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་རྗེས་ཟླ་བ་མང་པོའི་རིང་ལ་གར་ཡོད་ཅི་བྱུང་སུས་ཀྱང་ཤེས་རྟོགས་ཐུབ་མེད། དངོས་གནས་བྱས་ན། ༼ཀྲུང་ཧྭ་མི་དམང་སྤྱི་འཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་ ༦༤ པའི་ནང༌། སྤྱི་བདེ་ཚན་པས་བཀག་ཉར་བྱེད་སྐབས་ངེས་པར་དུ་བཀག་ཉར་ལག་འཁྱེར་སྟོན་དགོས་པ་དང༌། བཀག་ཉར་བྱེད་པའི་དོན་རྐྱེན་དང༌། བཀག་བསྐྱིལ་བྱེད་ཡུལ་ས་ཆ་བཅས་ཆུ་ཚོད་ཉེར་བཞིའི་ནང་ཚུད་དུ་བཀག་ཉར་བྱེད་རྒྱུའི་ནང་མིའམ་གནས་སྡོད་བྱེད་ཡུལ་ཚན་པར་བརྡ་ཐོ་གཏོང་དགོས།༽ ཞེས་པ་དང་ཡོངས་སུ་འགལ་ཡོད། ཁོང་བཙོན་འཇུག་གི་ནག་ཉེས་ར་འཕྲོད་ད་བར་གཅིག་ཀྱང་བྱུང་མེད་ལ། ཕན་ཚུན་ར་འཕྲོད་ཆེད་ཁྲིམས་རའི་ནང་འདྲ་མཉམ་གྱིས་སྐད་ཆ་བཤད་ས་ཐེངས་གཅིག་ཀྱང་རག་མྱོང་མེད་པའི་ཐོག ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་མི་ལོ་ཧྲིལ་པོ་ ༨ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ། རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་༼མན་ཡཱང་བཙོན་ཁང་༽ཟེར་བའི་ནང་དུ་ལོ་དྲུག་ལྷག་འགྲོ་བཞིན་ཡོད་པ་མ་ཟད། ཁོང་བཙོན་འཇུག་བྱས་རྗེས་སུ་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ད་ལྟའི་ཆར་སྔར་དང་མི་འདྲ་བར་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོར་གནས་ཡོད་འདུག
མི་ལོ་ ༨ དང་ཟླ་ ༦ ནི་མི་ཞིག་གི་ཚེ་ནང་དུས་ཚོད་ཐུང་ཐུང་ཞིག་རྩ་བ་ནས་མིན་ལ། ལྷག་དོན་རིན་པོ་ཆེ་མཆོག་ལ་མཚོན་ན། ཁོང་གིས་འཛིན་སྐྱོང་གནང་བཞིན་པའི་ཤུལ་ལུས་རྒན་གསོ་ཁང་གི་རྒན་འཁོགས་བཅུ་གྲངས་ཡོད་པ་དེ་ཚོ་ལ་སུས་ལྟ་རྟོག་བྱེད་དགོས་པ་དང༌། སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཞལ་གྲངས་ ༡༠༠ ལྷག་དང་། ཡར་སྟེང་བཙུན་དགོན་གྱི་བཙུན་མ་ ༦༠ ལྷག་ཡོད་པ་དེ་དག་གི་འཛིན་སྐྱོང་སུ་ཞིག་བྱེད་དགོས། ད་དུང་ཁོང་གི་སྨན་ཁང་ཡང་ཡོད་པ་དེ་ཚོ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་ཤ་སྟག་ཡིན་པས་དེ་དག་གིས་འགན་སུས་ཁུར་དགོས་སམ། ང་ཚོར་དེ་བས་ཀྱང་ཞེད་སྣང་ཆེ་བ་ཞིག་ལ། དེ་སྔོན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། རྒན་བསོད་ནམས་ཕུན་ཚོགས་བཅས་མང་ཚོགས་ཀྱིས་དད་པ་དང་དོ་སྣང་ཆེས་ཆེར་གནང་སའི་བླ་སྤྲུལ་ཁག་གཅིག་རྒྱུ་མཚན་གསལ་པོ་མེད་པར་གློ་བུར་འདས་གྲོངས་སོང་བའི་གནས་ཚུལ་ཐབས་སྐྱོ་པོ་དེ་རིགས་དང་འདྲ་བ་ཞིག་མི་ཡོང་བའི་ངེས་པ་མེད་པ་དེ་རེད།
མདོར་ན་བོད་ནང་མི་མང་གིས་ཧ་ཅང་བརྩི་མཐོང་ཆེ་བའི་མི་ཞིག་ཐོན་ན། དེ་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་གཏོང་མཁན་ཡིན་ཚུལ་གྱི་ནག་ཉེས་ཞྭ་མོ་འགེལ་གྱི་ཡོད་པ་མ་ཟད། བོད་ནང་བསྟན་སྲིད་མི་རིགས་དང་བཅས་ལ་འགན་བཞེས་མཁན་བླ་སྤྲུལ་དགེ་བཤེས་རྣམས་རིམ་བཞིན་རྒྱ་གཞུང་གིས་ཉེས་མེད་ཉེས་འདོགས་ཀྱིས་གཡོ་ཐབས་རབ་དང་རིམ་པ་སྤྱད་དེ་སྐུ་ཚེ་མ་ཟིན་པ་དང་། སྐུ་ཁམས་མ་བདེ་བ་སོགས་ཆགས་པ་དུ་མ་ཞིག་བྱུང་ཟིན་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་ཡིན། དེར་བརྟེན་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་ཀྱང་རྒྱ་གཞུང་ནས་ཁུངས་ལྡན་གྱི་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པར། ད་ལྟའི་བར་བཙོན་འཇུག་བྱེད་བཞིན་ཡོད་པ་དེར་དཀར་མཛེས་མི་མང་ཙམ་མ་ཟད། རྒྱ་ཆེ་བའི་བོད་རིགས་རྩམ་ཟན་ཀུན་ལ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན། །