༢༠༡༤ ཟླ་ ༨ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ (Ludhiana) ལུ་དི་ཡ་ནར་རྟེན་གཞི་བྱས་པའི་ལཀ་ཤི་མི་ཞེས་པའི་ཚོགས་ཁང་ནང་སུད་ཚོང་བ་ཁྱོན་མི་གྲངས་ ༦༠༠ བརྒལ་བ་ལྷན་འཛོམས་ཐོག་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མི་ཚོང་པའི་ཚོགས་འདུ་ཐེངས་གསུམ་པ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་འགོ་འཛུགས་གནང་འདུག དེ་ཡང་དབུ་འབྱེད་མཛད་སྒོར་བཙན་བྱོལ་བོད་མི་ཚོང་པ་ཚོགས་པའི་ཚོགས་གཙོ་སྒ་པ་ལྷ་མོ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་སུད་ཚོང་བའི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན།
དེ་རིང་ངས་འདིར་འདུས་ཚོང་པ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདི་གར་ལུ་དི་ཡ་ནར་སུད་ཚོང་བ་རྣམ་པ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་བར་ལོ་བརྒྱད་རིང་སུད་ཚོང་བའི་ཚོགས་པས་ལས་དོན་ཚགས་ཚུད་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སུད་ཚོང་གི་ཚོང་གཉེར་འདི་བཞིན་བཙན་བྱོལ་བོད་མིའི་འཚོ་བའི་གཞི་རྟེན་གཙོ་བོ་ལྟ་བུ་ཆགས་ཡོད། དུས་ད་ལྟ་བར་བོད་མི་སུད་ཚོང་བ་རྣམ་པས་གཙོས་བོད་མི་ཡོངས་ནས་ཡ་རབས་བཟང་སྤྱོད་ཐོག་དཀའ་ལས་རྒྱག་ཐུབ་མཁན་གྱི་རྣམ་འགྱུར་ཞིག་མངོན་ཡོང་སྟབས། གཞོན་སྐྱེས་ཚོང་པ་ཚོས་ཡ་རབས་བཟང་སྤྱོད་དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། ང་ཚོ་བོད་པའི་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་འདི་ནི་རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་རིམ་བཞིན་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་འདུག ཅེས་པའི་གནས་ཚུལ་ཐོན་ན་ཧ་ཅང་བློ་ཕམ་བྱེད་དགོས་ཤིག་རེད། ལྷག་པར་བོད་ནང་ཡོད་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་བདུན་དང་ཕྱེད་ཀས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་བརྒྱ་ཆ་གཉིས་དང་ཕྱེད་ཀར་རེ་བ་བཅོལ་བཞིན་ཡོད།
དེར་བརྟེན་ང་ཚོས་བོད་པར་ཡོད་པའི་ནུས་པ་ཆ་ཚང་འདོན་ཐུབ་ཆེད་ཤེས་ཡོན་ཐོག་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་ཤེས་འཇོན་གཉིས་ལྡན་ཐོག་ལྷག་བསམ་ཡོད་པ་ག་ཚོད་མང་བ་ཐོན་པ་དེའི་ཚོད་ཀྱིས་ང་ཚོའི་རྩ་དོན་ལ་ཕན་ཐོགས་ཡོད་པའི་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད། སྤྱིར་བཏང་ཁྱེད་རྣམ་པ་མང་ཆེ་བ་ཚོ་ཕྲུ་གུའི་ཕ་མ་ཆགས་ཀྱི་ཡོད། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་ཆེ་ཤོས་རྩི་བཞིན་ཡོད་པར་བརྟེན། ཁྱེད་རྣམ་པས་ཕྲུ་གུའི་སློབ་སྦྱོང་ཐོག་སྔར་ལྷག་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་དང་། འདི་ལོ་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་གོང་ཚེས་ཉིན་གྱི་ཕྱེད་ཡོལ་རྒྱ་གར་རྒྱལ་ཡོངས་ས་གནས་ཁྲོམ་ས་ ༡༠༩ ཡི་སྐུ་ཚབ་འཐུས་མི་ནང་ཁུལ་དབར་དགུན་ཚོང་གི་དཀའ་ངལ་ཐོག་གོ་བསྡུར་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༡༧ ཉིན་སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་གནང་སྟེ་ཉིན་གཉིས་ཀྱི་ཚོགས་འདུ་གྲོལ་ཡོད་པ་བཅས།།