༢༠༡༤ ཟླ་ ༨ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ཉིན་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༦ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་ནང་ཚོགས་ཡོད་པའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་འདུས་པའི་དགེ་ལས་རྣམ་པ་ཚང་མར་ངས་བཀའ་ཤག་སྐབས་ ༡༤ པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ ༡༦ འཁོར་བ་དང་། དམིགས་བསལ་རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་དབུ་འཕར་ཐོན་མཁན་རྣམ་པར་ཕྱག་འཁྱེར་སྤྲོད་རྒྱུའི་གོ་སྐབས་རག་པར་ཧ་ཅང་དགའ་པོ་བྱུང། དགེ་བཤེས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལྟར། སྐུ་ལས་ཚད་མེད་བསྐྱོན་ཏེ་རིགས་ལམ་སློབ་གཉེར་ཁང་གསར་འཛུགས་གནང་ཡོད། མཐོ་སློབ་འདི་ནས་༸གོང་ས་མཆོག་གི་གསུང་སྒྱུར་ཞུ་མཁན་གྱིས་མཚོན་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་མཁན་གྱི་མི་སྣ་མང་དག་ཅིག་ཐོན་དང་འཐོན་མུས་ཡིན་པ་ནི་རྒན་དམ་པ་མཆོག་གིས་གཙོས་འདི་གར་རྒྱུན་རིང་ཕྱག་ལས་གནང་མཁན་དགེ་ལས་རྣམ་པའི་བཀའ་དྲིན་ཆགས་ཡོད་པར་བརྟེན། ངས་ཁོང་རྣམ་པར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་ནས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་དང་། བོད་པའི་ཆོས་རིག་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། དགེ་བཤེས་དམ་པ་བཞིན་བཙན་བྱོལ་དུ་ཡོད་པའི་ང་ཚོའི་མི་ཐོག་རྒན་པ་མང་པོ་ཞིག་གིས་སྐུ་ལས་བསྐྱོན་ཏེ། དགོན་སྡེ་ཁག་དང་སློབ་གྲྭ་ཁག་སོགས་བསྐྱར་གསོ་གནང་སྟེ། བཙན་བྱོལ་ནང་ཆོས་དང་རིག་གཞུང་སྐད་ཡིག་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་མ་ཟད། མི་ཉམས་གོང་འཕེལ་བཏང་སྟེ་འཛམ་གླིང་སྤྱི་ཡོངས་ནང་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་ཡོད། འཛམ་གླིང་འདིའི་ནང་ང་ཚོ་བོད་པར་ངོམས་སུ་ཆོག་པ་ནི་བོད་པའི་ཆོས་དང་རིག་གཞུང་རྣམས་ཆགས་ཡོད། དེར་བརྟེན་དེ་དག་སྔར་ལྷག་གོང་འཕེལ་གཏོང་དགོས་རྒྱུ་ནི་ང་ཚོ་ཚང་མར་འགན་འཁྲི་ཡོད། རིགས་ལམ་མ་ལག་གཉིས་དུས་ད་ལྟ་བར་དུ་གནས་ཐུབ་ཡོད་པ་མ་ཟད། ལོ་རེ་ལས་ལོ་རེ་མ་འདས་པར་ཡར་རྒྱས་གོང་འཕེལ་འགྲོ་གི་ཡོད་པ་ནི་ཧ་ཅང་གསལ་པོ་རེད་འདུག འདི་ལོ་ནས་ཤེས་རིག་ལས་ཁུངས་དང་ཐུན་མོང་ཐོག་ནས་ཕྲན་བུ་འབྲེལ་བ་ཆགས་ཀྱི་ཡོད། གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཡིན་རུང་ཐེངས་འདི་ནས་འགོ་བཙུགས་ཏེ། དམིགས་བསལ་ལོ་རྒྱུས་དང་རྩོམ་རིག་ཐོག་ལ་འབད་བརྩོན་གནང་བཞིན་ཡོད་ཅེས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཐོག་ནས་མཐུན་རྐྱེན་བསྐྲུན་དགོས་རྒྱུ་ཡོད་ན། དུས་ད་ལྟ་བར་དུ་གང་ཐུབ་ཞུ་བཞིན་ཡོད། ད་དུང་ཡིན་རུང་མཉམ་རུབ་ཐོག་མཐུན་འགྱུར་བསྐྲུན་གྱི་ཡིན།
དེ་རིང་རིས་མེད་སློབ་དཔོན་ཆེན་པོའི་ཕྱག་འཁྱེར་བཞེས་མཁན་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ནི་སློབ་གཉེར་ཁང་འདིའི་ཐུན་མོང་མ་ཡིན་པའི་ལག་ཁྱེར་ཞིག་ཆགས་ཀྱི་ཡོད། དེ་བཞིན་དབུ་མ་རབ་འབྱམས་པ་དང་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་ཚང་མར་བཀའ་ཤག་གི་ཚབ་བྱས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་སྤྱི་ཚོགས་ཐོག་ཕེབས་ཏེ་དགེ་རྒན་སོགས་ཀྱི་ཕྱག་ལས་གནང་དགོས་ཀྱི་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་དང་། ས་རཱའི་སློབ་སྤྱིས་གཙོས་དགེ་རྒན་རྣམ་པའི་ལམ་སྟོན་སྙིང་བཅངས་ཐོག་ལྷག་བསམ་རྣམ་དག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་གསུང་དོན། ཉེ་ཆར་དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་བཏང་སྟེ། ཁོ་པ་ཚོར་ཆོས་དད་རང་དབང་མེད་པ་དང་། དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་ཤོད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་གྱི་དགེ་སྐྱོན་སྐོར་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད་མ་གཏོགས་བསྟེན་གསོལ་བྱས་ཆོག་གི་མ་རེད། ཅེས་བཀག་འགོག་མཛད་ཀྱི་མེད། སྤྱིར་བཏང་བོད་མི་སུ་ཞིག་ཡིན་རུང་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ལ་གནས་ཐུབ་ཐབས་བྱེད་པར་ (R.C) སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ནས་གནང་གི་ཡོད། འོན་ཀྱང་དེ་ཐོབ་པར་ས་གནས་འགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་འགྲོ་ཆེད་ (I.C) དེབ་སེར་པོ་དགོས་ཀྱི་ཡོད། དེབ་སེར་པོ་རྒྱ་གར་གཞུང་ནས་གནང་གི་ཡོད་ཀྱང་དེར་རྒྱབ་གཉེར་བོད་མིའི་སྒྲིག་འཛུགས་ནས་གནང་དགོས་ཀྱི་ཡོད། དཔལ་འབྱོར་ལས་ཁུངས་ནས་དོལ་རྒྱལ་སྟེན་མཁན་ཡིན་དང་མིན་གྱི་དབྱེ་བ་འབྱེད་ཀྱི་མེད། དཔྱ་ཁྲལ་ལག་དེབ་གཞིར་བཟུང་སློབ་གྲྭར་ཚུད་དང་མ་ཚུད། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ལ་མཐུན་རྐྱེན་གང་ཞིག་ཡོད་ཀྱང་གཅིག་མཚུངས་གནང་གི་ཡོད། དམིགས་བསལ་རྒྱ་གར་ལ་གནས་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་ཁོ་པ་ཚོར་རག་གི་ཡོད་པ་རེད་མ་གཏོགས། བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་མེད་ན་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་རེད། ང་ཚོས་བོད་མི་གཅིག་མཚུངས་ལ་གནང་བ་ལྟར་དོལ་རྒྱལ་སྟེན་མཁན་ཚོར་བྱེད་ཀྱི་ཡོད་སྟབས། ཁོ་པ་ཚོ་རྒྱ་གར་དུ་གནས་ཐུབ་ཀྱི་ཡོད། དམིགས་བསལ་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་ན་དེབ་སེར་པོ་དགོས་ཀྱི་ཡོད། དོལ་རྒྱལ་སྟེན་མཁན་ཕྱི་རྒྱལ་དུ་ཡོད་མཁན་མང་ཆེ་བ་དེབ་སེར་པོ་འཁྱེར་ནས་ཕྱིན་པ་ཞིག་ཆགས་ཀྱི་ཡོད། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། ཉེར་ཆར་དོལ་རྒྱལ་རྗེས་འབྲང་པའི་འདྲ་པར་དང་མིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་འདོན་སྤེལ་བྱས་ཡོད། དེ་ལྟར་འདོན་སྤེལ་བྱེད་དགོས་དོན་ནི། རྒན་དམ་པ་མཆོག་ཀྱང་དོལ་རྒྱལ་རྗེས་འབྲང་པས་བཀྲོངས་ཡོད་པ་ཚང་མས་ཤེས་གསལ་རེད། དེ་བཞིན་ཨ་རི་དང་རྒྱ་གར་གྱི་གསང་བའི་ལས་ཁུངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་དོལ་རྒྱལ་རྗེས་འབྲང་པའི་ཉེན་ཁ་འདུག་ཅེས་གསང་བའི་སྙན་ཐོའི་ནང་གསལ་ཡོད། དེར་བརྟེན་བོད་མི་ཚོར་དེ་དག་སུ་ཡིན་མིན་ཤེས་རྟོགས་ཡོང་ཆེད་གསལ་བསྒྲགས་བྱས་པ་ཞིག་རེད་མ་གཏོགས། ཁོ་པ་ཚོའི་འདྲ་པར་དང་མིང་འདོན་སྤེལ་བྱས་ཏེ་གནོད་བསྐྱལ་དགོས་སྐོར་བོད་མིའི་སྒྲིག་འཛུགས་ནས་དེ་སྔ་བརྗོད་མེད་ལ་ད་ལྟའང་བརྗོད་ཀྱི་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །