༢༠༡༤ ཟླ་ ༨ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་༢༠༡༤ ལོའི་ཟླ་ ༨ ཚེས་ ༡༣ ཉིན་བོད་ནང་ནས་གནས་ཚུལ་ཐོན་གསལ་ལྟར་ན། མངའ་རིས་རྩ་མདའ་རྫོང་ཆུ་གསུམ་ཤང་གི་ས་ཁུལ་དུ་རྒྱ་མི་གདུག་རྩུབ་ཅན་ཞིག་གིས་བོད་ཀྱི་རྩ་ཆེའི་རི་དྭགས་རྐྱང་ངན་གསོད་བྱེད་བཞིན་པའི་འདྲ་པར་ཞིག་འདོན་སྤེལ་བྱས་ཡོད། མཐའ་ཡས་པའི་རྩྭ་ཐང་སྟེང་དུ་གདུག་རྩུབ་ཅན་དེས་རྐྱང་གི་ལུས་ནས་ཤ་གཅོད་བཞིན་ཡོད། གནས་ཚུལ་དེ་ཐོན་རྗེས་དོགས་ཡོད་ཉེས་ཅན་མི་སྣ་དེ་འཛིན་བཟུང་བྱས་པ་རེད། ཉེས་ཅན་མི་སྣ་ཁྲིན་ཧའེ་ཧྲིན་དང་ལི་མིང་གཉིས་རྩ་མདའ་རྫོང་ཆུ་གསུམ་ཤང་ནས་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་བར་ནས། རླངས་འཁོར་གྱིས་རྐྱང་རྗེས་དེད་བཏང་སྟེ་སར་འགྱེལ་རྗེས་གྲི་ཡིས་རྐྱང་གི་ཕོ་བ་གཤགས་ཏེ། ནང་སྙིང་ཡོད་ཚད་ཕྱིར་བཏོན་རྗེས་རྐྱང་གི་བེམ་པོ་རླངས་འཁོར་སྟེང་དུ་བཀལ་ནས་རྫོང་མཁར་གྱི་འཛུགས་སྐྲུན་ས་གནས་སུ་སོང་རྗེས། རྐྱང་ཤ་ཁོ་རང་གི་ལས་བཟོ་བ་དག་ལ་བགོས་པ་རེད་ཅེས་བཤད། དོགས་ཡོད་ཉེས་ཅན་མི་སྣ་དེ་གཉིས་ནི་ཧྲན་ཞི་ཐེན་ཡུས་གློག་ནུས་སྤྱི་གཉེར་ཁང་གི་ལས་བཟོ་བ་ཡིན་པ་མ་ཟད་གློག་ནུས་རུ་ཁག་གི་རུ་གཙོ་དང་ལས་གཞི་རུ་ཁག་གི་རུ་གཙོའི་ལས་འགན་འཁུར་བཞིན་པ་གཉིས་འཛིན་བཟུང་བྱས་འདུག