༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ནང་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་མངའ་སྡེའི་བྱང་ཕྱོགས་ཁུལ་དུ་ཆུ་རུད་ཀྱི་རྐྱེན་པས་མི་མང་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ཁྲི་ཚོ་མང་པོར་སྡོད་ཁང་མེད་པ་གྱུར་བ་མ་ཟད། རྒྱུ་དངོས་ལ་གོད་ཆག་ཤུགས་ཆེན་བྱུང་བར་ལྷོ་གཞིས་ཁག་ལྔའི་དགོན་སྡེ་དང་། ཚོགས་སྐྱིེད་ཁག་མང་ཚོགས་བཅས་ནས་སྤྱིར་རྒྱ་གར་གཞུང་མང་དང་། ཡང་སྒོས་ས་གནས་མངའ་སྡེ་བོད་མིར་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན་གདུང་སེམས་མཉམ་སྐྱེ་མཚོན་སླད་སྨོན་ལམ་དང་ཞལ་འདེབས་གནང་ཡོད་པ་རེད། གོང་ཚེས་ ༢༢ ཉིན་མལ་སོར་རྫོང་དཔོན་གྱི་ལས་ཁུངས་ཉེ་འགྲམ་དུ་ལྡུམ་རའི་ནང་སེར་བྱེས་མཁན་པོ་སྐྱབས་རྗེ་བློ་བཟང་དཔལ་ལྡན་ལགས་དབུ་བཞུགས་ཐོག་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་གྲྭ་བཙུན་གྲངས་ ༢༥༠ བརྒལ་བ་དང་། ས་གནས་འགོ་འཛིན་རྣམ་གཉིས། མཉམ་སྦྲེལ་གྱི་ཚོགས་གཙོ་རྣམ་གཉིས་གཙོས་གཞིས་ཆགས་ཀྱི་གནད་ཡོད་མི་སྣ་དང་། མི་མང་སྐུ་ཚབ་རྣམས་འདུ་འཛོམས་ཐོག་ཆུ་ཚོད་ ༤ རིང་འདས་གྲོངས་སུ་གྱུར་བ་རྣམས་པའི་ཆེད་སྨོན་ལམ་བཏོན་གནང་བ་དང་། དེ་བཞིན་ས་གནས་རྫོང་དཔོན་གདན་ཞུས་ཀྱི་ལུང་པར་ཆོས་དང་བཀྲིས་འཕེལ་སླད་སེར་བྱེས་མཁན་པོ་མཆོག་ནས་རྫོང་དཔོན་ལ་སྟོན་པའི་སྐུ་རྟེན་ཞིག་ཕུལ། དེ་རྗེས་མཉམ་འབྲེལ་ཚོགས་གཙོ་དབུས་སྡེ་ཁག་འགན་འཛིན་དང་སྤྱི་མི་བཅས་ནས་རྫོང་དཔོན་ལ་མཇལ་དར་འབུལ་སྐབས་ཁོང་གིས་བོད་མི་རྣམས་ནས་ཀར་ན་ཀྲག་ཀའི་མངའ་སྡེའི་ནང་ས་ཁུལ་ཁག་འགའ་ཤས་ལ་མིའི་ཚེ་སྲོག་ཤོར་དང་རྒྱུ་ནོར་སོགས་ལ་གོ་ཆག་བྱུང་བ་རྣམས་ལ་དང་བླང་ཐོག་གདུང་སེམས་མཉམ་སྐྱེ་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། དེ་ཡང་ལུགས་བདེ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་མི་མང་ནས་ཞལ་འདེབས་ཧིན་སྒོར་ ༦༣༥བྱ༠༠༠།༠༠ གནང་བ་དང་། དེ་བཞིན་གཞིས་ཆགས་ལས་བྱེད་རྣམས་ནས་ཞལ་འདེབས་ཧིན་སྒོར་ ༡༠༤བྱ༧༦༥།༠༠ གནང་བ་དེ་དག་ས་གནས་འགོ་འཛིན་གཉིས་ནས་རྫོང་དཔོན་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་དང། རྒྱུན་དུ་བསྟེན་གཏུགས་མཉམ་སྦྲེལ་དེབ་སྐྱེལ་ལས་ཁུངས་བརྒྱུད་ཆུ་ལོག་ངལ་སེལ་མཚན་ཐོག་ལ་ཕུལ་ཡོད།
ཀོ་ལེ་གྷལ་དོན་ལྡན་གླིང་མི་མང་ནས་ཁྱོན་བསྡོམས་ཧིན་སྒོར་ ༥༠བྱ༠༠༠།༠༠ གནང་བ་དེ་ས་གནས་འགོ་འཛིན་དང་མཉམ་དྲུང་གཉིས་ནས་རྫོང་དཔོན་ལས་ཁུངས་སུ་ཆེད་བཅར་གྱིས་མངའ་སྡེའི་བློན་ཆེན་གྱི་ཆུ་ལོག་ངལ་སེལ་མ་དངུལ་ Chief Minister’s Calamity Fund མཚན་ཐོག་ལ་ཞལ་འདེབས་སུ་ཕུལ་འདུག དེ་བཞིན་ཧོན་སུར་རབ་རྒྱས་གླིང་གི་མང་ཚོགས་དང་ལས་བྱེད་ནས་ཞལ་འདེབས་སྒོར་ ༤༢༥༢༣།༠༠ གནང་བ་དེ་དག་ས་གནས་འགོ་འཛིན་བརྒྱུད་རྫོང་དཔོན་ལས་ཁུངས་སུ་ཕུལ་ཡོད། ཕྱོགས་མཚུངས་མོན་གྷོ་འདོད་རྒུ་གླིང་མང་ཚོགས་ནས་ཞལ་འདེབས་སྒོར་ ༢༨༠༤༣༡།༠༠ གནང་བ་དེ་དག་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ཀར་ཌྷ་ཀྲཀ་ངལ་སེལ་མ་དངུལ་ Karnataka Relief Fund ཆེད་ཕུལ་ཡོད་པ་བཅས་སོ།