༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༢ ནས་ ༢༤ བར་ཉིན་བཞིའི་རིང་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་ལས་ཁུངས་བཅས་ཟུང་འབྲེལ་ཐོག་༸གོང་ས་མཆོག་གིས་དབུ་ཁྲིད་འོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག་གྲོང་ཁྱེར་བྷེང་ལོར་རུ་སྲུང་བརྩི་ཞུ་བ་དང་སྦྲགས་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་གཞི་ཁག་གཅིག་ཀྱང་སྤེལ་བཞིན་ཡོད་པ་རེད་འདུག དེ་ཡང་ཕྱི་ཚེས་ ༢༢ ཞོགས་པ་ཆུ་ཚོད་ ༡༡ ཐོག་ཀར་ཎ་ཊ་ཀའི་ (Karnataka) མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེན་ཌ་བྷ་བྷུས་ (Mr.Narendra Babu) དུས་དྲན་གྱི་མཛད་སྒོ་དབུ་འབྱེད་གནང་ཡོད་པ་རེད།
ཉིན་གསུམ་གྱི་མཛད་སྒོའི་རིང་བོད་ཀྱི་གནད་དོན་དང་འབྲེལ་བའི་གློག་བརྙན་ ༼སྐུ་མདུན༽ཞེས་པ་དང་དེ་བཞིན་དངོས་བྱུང་གློག་བརྙན་ ༼གངས་སེང་གི་ངུ་འབོད།༽ ལ་སོགས་པ་རིན་མེད་ཐོག་མང་ཚོགས་ལ་སྟོན་རྒྱུ་ཡིན་པ་རེད་འདུག དེ་བཞིན་སྐབས་དེར་ལྷོ་ཕྱོགས་སུ་གནས་སྡོད་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་ཞུ་རྒྱུ་ཡིན་པ་མ་ཟད། རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་འོག་ ༼བཙན་བྱོལ་དུ་བོད་ཀྱི་འགྲུལ་བཞུད།༽ ཅེས་པར་རིས་ཁག་གཅིག་ཀྱང་འགྲེམས་སྟོན་ཞུ་འཆར་ཡོད་པ་རེད། གཞན་ཡང་ལྷོ་ཕྱོགས་གཞི་སྒར་ཁག་གི་བོད་པའི་རུམ་བཟོའི་དངོས་ཆས་ས་གདན་དང་དེ་བཞིན་སྐྱེ་ལྡན་སོ་ནམ་གྱི་ཐོན་སྐྱེད་འགྲེམས་སྟོན་ཞུ་བཞིན་ཡོད། དེ་མིན་ནང་ཆོས་ཀྱི་རྡུལ་ཚོན་དཀྱིལ་འཁོར་གྱི་གཙོས་བོད་ཀྱི་ནང་ཆོས་ནང་ཕྱག་བཞེས་གནང་རྒྱུའི་ཐུན་མིན་གྱི་ཆོ་ག་རིགས་འདྲ་མིན་ཡང་འགྲེམས་སྟོན་ཞུ་བཞིན་ཡོད། སྐབས་དེར་མི་མང་རྣམས་ལ་རིན་མེད་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་པ་བསྟེན་གཏུག་གི་གོ་སྐབས་ཀྱང་གནང་རྒྱུ་ཡིན་པ་རེད། མཛད་སྒོ་དེ་དང་སྟབས་བསྟུན་སྐབས་དེར་འཕགས་བོད་འབྲེལ་ལམ་སྐོར་བཞུགས་གྲལ་སྒོར་མོའི་གླེང་སྟེགས་ཀྱི་ཚོགས་འདུ་ཞིག་ཀྱང་ཚོགས་གཏན་འཁེལ་ཡོད། ཚོགས་འདུ་དེའི་རིང་བོད་ཀྱི་ནང་ཆོས་དང་། གསོ་བ་རིག་པ། དེ་བཞིན་ཁོར་ཡུག་བཅས་ཀྱི་གནད་དོན་ཐོག་མཁས་དབང་ཁག་གཅིག་ནས་གསུང་བཤད་ཀྱང་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།