༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༨ ནས་ཚེས་ ༡༩ བར་ཨི་ཊ་ལིའི་རྒྱལ་ས་རོམ་ཁུལ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པ་དེ་ཚོགས་གཏན་འཁེལ་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུ་དེར་ཆིབས་སྒྱུར་གྱིས་ཚེས་ ༡༨ ཉིན་ཚོགས་འདུ་དེ་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤེལ་བའི་གནས་ཚུལ་ནང་འཁོད་དོན། ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་ཆེན་དེའི་ཐོག་རྒྱལ་སྤྱིའི་གྲོས་ཚོགས་ཁག་ཏུ་བོད་དང་རྒྱ་ནག་གི་གནད་དོན་ཁག་ལ་ཐུགས་ཁུར་དང་ཐུགས་སྣང་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཁག་ལྷན་འཛོམས་གནང་གི་ཡོད་སྐོར་གསུངས་ཡོད། ཚོགས་ཆེན་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་གཙོས་སྤྱི་འཐུས་ཁག་གཅིག་ཀྱང་མཉམ་ཞུགས་གནང་གི་ཡོད་པ་རེད། ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མར་ཊིན་མེ་ཁེ་སི་ལགས་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཡི་གེ་ཞིག་གནང་ཡོད་པའི་ནང་འཁོད་དོན། བོད་ནང་གི་གནས་སྟངས་ད་དུང་ཆེས་ཞན་པོའི་འོག་གནས་བཞིན་ཡོད་རུང་། ཁོང་རྣམ་པས་ད་དུང་གོ་སྐབས་ཤིག་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད་པ་དང་ཆབས་ཅིག་རྒྱ་གཞུང་ནས་འཁྱོག་བཤད་ཀྱིས་དྲིལ་བསྒྲགས་བྱས་པ་དང་ཕྱོགས་མཚུངས་གཞན་ལ་མཐོང་ཆུང་དང་གཉའ་གནོན་གྱི་ཐབས་ལམ་གང་འདྲ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་རུང་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་གང་ཉིད་ནས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་གང་ཡིན་པ་དེ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་ཅེས་གསུངས་ཡོད། ཡང་ཁོང་ནས་གསུང་དོན། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་། དེ་བཞིན་རྡ་སར་བཅས་ལ་བསྐྱོད་ཡོད། ཁོང་རྣམ་པས་དྲང་བདེན་གྱི་ནུས་པའི་ཐོག་བཀའ་མོལ་ཞུ་རྒྱུར་ཁུར་ཤུགས་ཆེ་བླངས་ཡོད་པའི་ལུང་འདྲེན་དང་སྦྲགས་ད་རེས་ཀྱི་ཚོགས་ཆེན་ཐོག་ལ་ཡང་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་དམིགས་བསལ་ཐུགས་སྣང་གནང་རྒྱུ་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་ཀྱི་སྐུ་ཚབ་རྣམ་པ་དང་ལྷན་དུ་བསམ་ཚུལ་དང་ལས་འགུལ་ཐོག་བཀའ་བསྡུར་ཞུ་རྒྱུའི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་སྐོར་གསུངས་ཡོད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མ་དེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འཛུགས་གནང་བ་ནས་བཟུང་ད་བར་ཕྱི་ལོ་ ༡༩༩༥ དང་ ༡༩༩༧ དེ་བཞིན་ཕྱི་ལོ་ ༢༠༠༥ བཅས་ཁག་སོ་སོར་ཚོགས་ཡོད་པ་དང་། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ལ་ཆིབས་སྒྱུར་མ་བསྐྱང་བའི་སྔོན་ཨི་ཊ་ལིའི་རང་སྐྱོང་མངའ་སྡེའི་ཊེརེན་ཊོར་རང་སྐྱོང་སྐོར་གྱི་ཚོགས་ཆེན་ཞིག་ཕྱི་ཚེས་ ༡༦ དང་ ༡༧ ལ་འཚོགས་རྒྱུ་ཡིན་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ས