༢༠༡༤ ཟླ་ ༨ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་གྱི་སློབ་གྲྭའི་དབྱར་དུས་གུང་སེང་དང་བསྟུན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་བོད་རྒྱ་མཐུན་ཚོགས། ཐེ་སྡོད་བོད་རིགས་ཚོགས་པ་བཅས་ཐུན་མོང་གིས་ ༢༠༡༤ ལོ་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པའི་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཞིག་ཕྱི་ཟླ་ ༧ ཚེས་ ༦ ནས་ཕྱི་ཟླ་ ༨ ཚེས་ ༢ བར་རེས་གཟའ་སྤེན་པ་འཆར་ཅན་དགོང་དྲོ་ཁྱོན་བོད་དོན་གློག་བརྙན་གྲངས་བརྒྱད་བསྟན་ཡོད། གློག་བརྙན་དུས་སྟོན་འདི་བཞིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འགོ་འཛུགས་ཞུས་པ་དང་། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་གྱི་དགོང་དྲོ་བོད་ཀྱི་གློག་བརྙན་འཇིགས་བྲལ་དང་། བོད། རྒྱ་ནག་གི་འཁྱོག་བཤད་ཅེས་པ་བསྟན་རྗེས་ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧྥེང་ཅུན་ཧྲན་གྱིས་གཙོ་སྐྱོང་དང་བགྲོ་གླེང་གནང་བ་མ་ཟད། ཚེས་ ༡༣ ཉིན་བོད་ཀྱི་ལོ་རྒྱུས་ཅེས་པ་སྟོད་ཆ་དང་སྨད་ཆ་བསྟན་རྗེས། སློབ་ཕྲུག་ཚོགས་པའི་ཚོགས་མི་ལིན་ཁེ་ཤང་གིས་གཙོ་སྐྱོང་དང་འབྲེལ་བགྲོ་གླེང་། ཚེས་ ༡༩ ཉིན་གངས་སེང་གི་མིག་ཆུ་ཞེས་པ་བསྟན་རྗེས། ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ཀྱི་ཚོགས་མི་ལིའུ་ཡོའོ་ཨོའོ་ཡིས་གཙོ་སྐྱོང་དང་བགྲོ་གླེང་། ཚེས་ ༢༦ ཉིན་གངས་རིའི་ཁྲོད་ཀྱི་ལྐོག་གསོད་ཅེས་པ་བསྟན་རྗེས། ཐེ་ཝན་གྲོས་ཚོགས་འཐུས་མིའི་ལས་རོགས་ལིའི་ཅེ་མེའི་ཡིས་གཙོ་སྐྱོང་དང་བགྲོ་གླེང་། ཚེས་ ༢༧ ཉིན་༧གོང་ས་མཆོག་དང་རྒྱ་མི་རིགས་གླེང་མོལ་ཞེས་པ་བསྟན་རྗེས། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཏུང་ཅན་རུང་གིས་གཙོ་སྐྱོང་དང་བགྲོ་གླེང་། ཕྱི་ཟླ་ ༨ ཚེས་ ༢ ཉིན་གངས་ལྗོངས་མེ་ལྕེ། བོད་ནང་གི་རང་སྲེག་ཅེས་པ་བསྟན་རྗེས་ཐེ་ཝན་སྲོག་ཁྲིམས་བཀག་འགོག་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་ཤིའི་ཡེ་ཡིས་གཙོ་སྐྱོང་དང་བགྲོ་གླེང་བཅས་གནང་། གློག་བརྙན་ལྟ་བར་ཡོང་མཁན་ཁོངས་ཐེ་ཝན་གྱི་གཞོན་སྐྱེས་གཙོས་ཨ་རི་དང་། ཧོང་ཀོང་། རྒྱ་ནག་སྐམ་སའི་གཞོན་སྐྱེས་ཁག་གཅིག་གིས་དོ་སྣང་དང་མཉམ་ཞུགས་དེ་བཞིན་བོད་དོན་སྐོར་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད།
ཐེ་ཝན་ནང་བོད་ཀྱི་གནད་དོན་རྒྱ་ཆེ་ཤེས་རྟོགས་ཡོང་ཆེད། སྔོན་དུ་ལོ་ཆུང་སློབ་མ་སྟོང་ཕྲག་གསུམ་ཙམ་ལ་བོད་ཀྱི་ཤེས་བྱ་ངོ་སྤྲོད་དང་། ད་ཐེངས་གཙོ་བོ་གཞོན་སྐྱེས་རྣམས་ཀྱི་ཆེད་གློག་བརྙན་དང་ལེགས་སྦྱར་བརྒྱུད་བོད་དོན་ངོ་སྤྲོད། ཕྱི་ཟླ་དགུ་པའི་ནང་བོད་དོན་སྐོར་མཁས་པའི་བགྲོ་གླེང་འཚོགས་འཆར་བཅས་ཡིན་པ་མ་ཟད། རིམ་པས་ཧོང་ཀོང་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་མང་དུ་སྤེལ་འཆར་ཡོད་པ་རེད།
གཞན་ཡང་ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ཟླ་ ༧ ཚེས་ ༢༥ ནས་ཉིན་གྲངས་གསུམ་རིང་དབྱར་དུས་བོད་ཀྱི་སྒར་ཞེས་པའི་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་བར། ཐོ་འགོད་བྱེད་མཁན་སློབ་ཕྲུག་མང་པོ་བྱུང་ཡང་། ཐོག་མའི་འཆར་གཞི་ལྟར་མི་གྲངས་སུམ་ཅུ་འདེམས་སྒྲུག་གིས་རྣམ་པ་འདྲ་མིན་གྱིས་བོད་དོན་ངོ་སྤྲོད་གནང་ཡོད། དེའི་ཁོངས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། དགེ་བཤེས་བྱམས་པ་རྒྱ་མཚོ་སོགས་ནས་བོད་མིའི་གནས་སྟངས་ངོ་སྤྲོད་གནང་ཡོད།