༢༠༡༤ ཟླ་ ༨ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་འོག་ལས་བྱའི་སྡེ་ཚན་ཁོངས་དབུས་ས་གཉིས་ཀྱི་གཞོན་དྲུང་ནས་ལས་དྲུང་བར་གྱི་ལས་བྱེད་ཁག་གཅིག་ལ་ཟབ་སྦྱོང་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དབུས་འོས་བསྡུ་ལྷན་ཁང་དང་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་མཆོག འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས། དབུས་སྣེ་ལེན་འབྲེལ་མཐུད་ལས་ཁུངས་ཀྱི་ངེས་སྟོན་པའི་ལས་ཚབ་བསྟན་འཛིན་དོན་ལྡན་ལགས། འབྲེལ་ཡོད་ལས་བྱེད། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བཅས་ཁྱོན་མི་གྲངས་ ༤༠ ཙམ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་དུས་ཡུན་ཟླ་བ་བཞིའི་རིང་གི་ཟབ་སྦྱོང་གི་སློབ་ཚན་དང་། ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན། ཟབ་སྦྱོང་ལ་འཛུལ་ཞུགས་པ་རྣམས་ནས་བླང་དོར་གྱི་ཞུ་སྒོ་ཁག་བཅས་འགྲེལ་བརྗོད་གནང་། དེ་ནས་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་སྐབས་སློབ་ཁྲིད་གནང་མཁན་གཉིས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་འགྲེལ་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་རང་ཕྱི་ལོ་ ༡༩༧༧ ནས་ ༡༩༨༠ བར་རྡོར་གླིང་གཏན་སློབ་ཏུ་ཡོད་པའི་སྐབས་སུ་རྒན་རྗེ་དྲུང་བསྟན་འཛིན་ལགས་རྡོར་གླིང་གཏན་སློབ་ཏུ་དགེ་རྒན་རེད། སློབ་ཕྲུག་སུ་ཡིན་ནའང་དགེ་རྒན་ཚོར་བཀའ་དྲིན་ཆེན་པོ་རྩི་བཞིན་ཡོད། དམིགས་བསལ་དགེ་རྒན་བཟང་བ་ཚོར་བཀའ་དྲིན་ཆེན་པོ་རྩི་གི་ཡོད། སློབ་ཚན་ག་རེ་ཁྲིད་པ་ཡིན་ནའང་། དགེ་རྒན་བཟང་བ་ཚོས་སློབ་ཕྲུག་ལ་བརྩེ་བ་ཆེན་པོའི་སྒོ་ནས་སློབ་ཚན་ཁྲིད་ཀྱི་ཡོད་སྟབས། སློབ་ཕྲུག་ཚོར་དུས་རྟག་ཏུ་བག་ཆགས་ཤིག་ཡོང་གི་ཡོད་པར་བརྟེན། ང་ཚོས་དུས་རྟག་ཏུ་དགེ་རྒན་ཚོ་བཀའ་དྲིན་ཆེན་པོ་ཡིན་ཞེས་ཞུ་བཞིན་ཡོད་པ་ལྟར་བསམ་གྱི་ཡོད། རྒན་རྗེ་དྲུང་ལགས་ནི། དུས་ཡུན་རིང་པོ་སྤྱི་ཚོགས་ཀྱི་ཞབས་ཕྱི་ཞུས་པའི་ཐོག་དགེ་རྒན་གྱི་ཕྱག་ལས་གནང་སྟེ། སྤྱི་ཚོགས་དང་སློབ་ཕྲུག་ཚོར་ཐུགས་ཕན་གསོ་མཁན་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་རེས་འདིར་ཆེད་མངགས་ཕེབས་ཏེ། ཟླ་བ་བཞིའི་རིང་ཟབ་སྦྱོང་བརྒྱུད་ཁྱེད་རང་ཚོ་བོད་ཡིག་གི་གནས་ཚད་གང་ས་སྤྱི་ཐད་ནས་ཡར་རྒྱས་འགྲོ་རྒྱུ་ཡིན་པ་དགེ་རྒན་ཆ་ནས་ཐེ་ཚོམ་མེད་ཞུ་རྒྱུ་དང་། དེ་བཞིན་བསྟན་འཛིན་ཚེ་རིང་ལགས་ཁ་སྔོན་ཐུག་བྱུང་། ཁྱེད་རང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བ་ཡིན་ན། ཡག་པོ་ཡོད་རེད་བརྗོད་པ་ཡིན། འོན་ཀྱང་ཁོང་རང་ཕྱི་ཟླ་ ༡༡།༡༢ ནང་མུམ་བྷེ་ལ་འགྲོ་འཆར་ཡོད་བརྗོད་བྱུང་། དེའི་བར་དུ་འདིར་དབྱིན་ཡིག་སློབ་ཁྲིད་གནང་ཐུབ་ན་དགེ་མཚན་ཆེན་པོ་ཞིག་མཐོང་བྱུང་། དེར་བརྟེན་དགེ་རྒན་རྣམ་པ་གཉིས་ཀྱིས་ཆེད་མངགས་དུས་ཚོད་བཏོན་ཏེ་ཟླ་བ་བཞིའི་རིང་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཁྲིད་ གནང་གི་རེད།
རྣམ་པ་གཉིས་ནས་འགན་འཁུར་གནང་བར་བསྔགས་བརྗོད་དང་ལྷན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲི་ཞུ་ལས་བྱེད་ནང་ཟབ་སྦྱོང་ལ་ཕེབས་འདོད་ཡོད་མེད་གཉིས་ཀ་ཡོད། འོན་ཀྱང་རྣམ་པ་ཚོ་ཟབ་སྦྱོང་དུ་ཕེབས་འདོད་ཡོད་མཁན་རིགས་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་ཡོད། ད་རེས་ཟབ་སྦྱོང་འདི་གོ་སྒྲིག་གནང་དགོས་དོན་ནི། དུས་རྒྱུན་དུ་བཀའ་ཤག་དང་ལས་བྱེད་བགྲེས་པ་ཁག་གིས་སྲི་ཞུ་ལས་བྱེད་ནང་བོད་ཡིག་ཡར་རྒྱས་གཏོང་དགོས་པ་འདུག་ཅེས་དགོངས་ཚུལ་ཡོད་པར་བརྟེན། སྲི་ཞུ་ལས་བྱེད་ཡིན་བཞིན་པའི་ཁོངས་དེ་སྔ་ཟབ་སྦྱོང་མ་ཐོབ་པ་ཁག་ལ་ཆེད་མངགས་ཟབ་སྦྱོང་གོ་སྒྲིག་གནང་ཐུབ་པ་ཡིན་ན་ཐུགས་ཕན་གསོ་བ་ཡོང་ས་རེད་བསམ་ནས་གོ་སྒྲིག་གནང་བ་རེད།
སྲི་ཞུ་བ་ཚོ་ཧ་ཅང་རྩ་ཆེན་པོ་རེད། གང་ཡིན་ཟེར་ན། རྣམ་པ་ཚོའི་ཕ་མ་ཡིན་ནའང་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཕ་མས། ཁྱེད་རང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས། བོད་ནང་གི་ཛ་དྲག་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན། དགོངས་པ་གཞིར་བཟུང་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་པས་འབྲས་བུར་སྒྲིག་འཛུགས་ཤིག་ཡོད་པ་འདིར་ཞབས་ཕྱི་ཞུ་དགོས་རེད། ཅེས་ ལམ་སྟོན་གནང་བ་རེད། སྤྱིར་བཏང་ཕ་མས་ལམ་སྟོན་གནང་བ་ཐམས་ཅད་ཕྲུ་གུས་ཉན་གྱི་མེད། རྣམ་པ་ཚོ་ཕ་མའི་ལམ་སྟོན་ལྟར། སྲི་ཞུ་བ་གནང་བ་མ་ཟད། ཀུན་སློང་བཟང་པོ་ཞིག་འཁྱེར་བའི་ཐོག་ནས་རང་གི་སྤྱི་ཚོགས་ལ་ཞབས་ཕྱི་ཞུས་ན། ཏན་ཏན་ཐུགས་ཕན་གསོ་བ་ཞིག་ཡོང་གི་རེད་བསམ་པའི་ཐོག་ནས་སྲི་ཞུ་ལས་བྱེད་ནང་འཛུལ་ཞུགས་གནང་བ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་མི་ཚེ་ཧྲིལ་པོ་སྲི་ཞུའི་ལས་བྱེད་གནང་ཐུབ་པ་ཡིན་ན། རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
ལྷག་པར་སྲི་ཞུའི་ལས་བྱེད་གནང་རྒྱུ་ཐག་གཅོད་ཟིན་པར་བརྟེན། སྲི་ཞུའི་ལས་བྱེད་གནང་རིང་ཤེས་འཇོན་གཉིས་ལྡན་ཐོག་ལྷག་བསམ་རྣམ་དག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཟླ་བ་བཞིའི་རིང་གི་ཟབ་སྦྱོང་འདི་བརྒྱུད་རྣམ་པ་ཚོ་བོད་དབྱིན་གཉིས་ཡར་རྒྱས་འགྲོ་ངེས་རེད། དེ་བཞིན་འཛིན་སྐྱོང་ངོས་ནས་སྒྲིག་གཞི་དང་། རྩ་ཁྲིམས། རྩིས་སོགས་གང་ཅིའི་ཐོག་ནས་ཐུགས་ཕན་གསོ་བ་ཡོང་གི་རེད་བསམ་གྱི་འདུག མདོར་ན། ལྷག་བསམ་རྣམ་དག་དང་། འཇོན་ཐང་ཡོད་པའི་ཐོག་ནས་ནུས་པ་ལྡན་པའི་ཕྱག་ལས་གནང་བཞིན་པ་དེའི་ཐོག་གང་ཙམ་ཡར་རྒྱས་འགྲོ་གི་རེད། དེ་ལྟར་བྱུང་ན། སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྡེ་འགན་ཀརྨ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ།
ཟླ་བ་བཞིའི་རིང་གི་ཟབ་སྦྱོང་འདིར་ཟབ་ཁྲིད་བ་རྗེ་དྲུང་བསྟན་འཛིན་ལགས་ཀྱིས་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དང་། རྟགས་འཇུག་གི་སྙིང་དོན་དཀའ་གནད་གསལ་བའི་མེ་ལོང་། གཞུང་འབྲེལ་གནས་འབྲེལ་ཞུ་སྟངས་ཀྱིས་མཚོན་ཡིག་བསྐུར་རྣམ་གཞག་བཅས་སློབ་ཁྲིད་གནང་རྒྱུ་དང་། བསྟན་འཛིན་ཚེ་རིང་ལགས་ཀྱིས་དབྱིན་ཡིག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག ཐེངས་འདིའི་དུས་ཡུན་ཟླ་བ་བཞི་རིང་གི་ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ནས་ཁྱོན་ལས་བྱེད་གྲངས་ ༢༨ མཉམ་ཞུགས་གནང་འདུག