༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༡༠ རེས་གཟའཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༩ ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་རྟ་དབང་དགོན་པར་དགའ་ལྡན་རྣམ་རྒྱལ་ལྷ་རྩེར་ནང་ཆོས་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོའི་སྐབས་མགོན་དེའི་མཁན་རིན་པོ་ཆེ་གུ་རུ་སྤྲུལ་སྐུ་མཆོག་ནས་སློབ་གཉེར་ཁང་དེའི་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན་༸གོང་ས་མཆོག་གིས་སློབ་གྲྭ་དང་དགོན་པ་གཉིས་ཀར་ལུང་པ་ཡར་རྒྱས་འགྲོ་བ་དང་བསྟུན་ལོ་ཤས་རིང་གྲུབ་འབྲས་མིག་གིས་མཐོང་རྒྱུ་ཡོད་པ་དེར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་ནང་ཆོས་འདི་རང་ཉིད་སྒེར་གྱི་འདི་ཕྱི་གཉིས་ཙམ་མིན་པར་བསྟན་པ་སྤྱིའི་ཆ་ནས་ཀྱང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་སྟབས། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཧུར་ཐག་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན་ས་གནས་ཀྱི་མི་འབོར་གནས་སྟངས་ལ་གཞིགས་ཏེ་གྲྭ་བཙུན་དགོན་པར་བཞུགས་རྒྱུར་བསམ་བློ་ནན་ཏན་གཏོང་དགོས་པ། ལྷག་པར་དགེ་སློང་མའི་སྡོམ་རྒྱུན་བཅས་ཀྱི་སྐོར་ལ་བཀའ་སློབ་ཕེབས་དོན། གྲངས་ཀ་མང་ཉུང་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། སྤྱིར་ཡོངས་ཆ་ནས་དགོན་པ་སོ་སོའི་གནས་སྟངས་ལ་བལྟས་པ་ཡིན་ན་དགེ་འདུན་གྲངས་ཚོགས་ཆེན་པོ་བྱུང་ན་ཡག་པོ་རེད། ཕྱོགས་ཡོངས་ནས་བལྟས་པ་ཡིན་ན།
སྤྱིར་ཡུལ་མིའི་གྲངས་འབོར་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། ལ་དྭགས་དང་འདི་གར་དེ་འདྲ་འདུག ནང་པའི་ཆོས་བྱེད་པའི་མི་གྲངས་དེ་ཞེ་དྲག་ཡར་མ་འཕར་པར་དེ་འདྲ་བྱས་ནས་བསྡད། དེ་འདྲ་ཞིག་གི་གནས་སྟངས་འོག་ནས་རབ་བྱུང་ཕོ་མོ་ལོ་གཞོན་མང་པོ་ཞིག་ཆགས་ཡོང་སྐབས། རྩ་བའི་ཡུལ་སྤྱིའི་མི་འབོར་གྱི་གྲངས་ཀར་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག དེ་དག་ལ་ལྟ་དགོས་རྒྱུ་ཞིག་ཡིན། ཁ་ཐུག་གི་གནས་སྟངས་དང་། ཡང་ཕྱོགས་ཡོངས་ཀྱི་ལྟ་སྟངས་ཤིག་དགོས་རྒྱུ་ནི་གལ་ཆེན་པོ་རེད། གང་ལྟར་ཡོད་པ་དེ་སྤུས་དག་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། མ་གཞི་སང་ཉིན་གནངས་ཉིན་གསུང་ཆོས་སྐབས་སུ་ངོས་ནས་བརྗོད་ཀྱི་ཡིན། བཙུན་མའི་དགོན་པ་དེ་ཚོས་ཀྱང་ཡིན་གཅིག་མིན་གཅིག་མཚན་ཉིད་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན། བོད་མི་བཙན་བྱོལ་བའི་ནང་ལ་ཆ་བཞག་ན། བཙུན་མའི་དགོན་པ་དེ་ཚོ་ཧ་ལམ་ལོ་སུམ་ཅུ་བཞི་བཅུ་ཕྱིན་ཡོད། མཚན་ཉིད་དང་གཞུང་ཆེན་ལྟ་རྒྱུ་འགོ་བཙུགས་ཏེ་རྩོད་པ་རྩོད་རྒྱུ་དེ་ཚོ་ཚུགས་ཡོད། དགེ་བཤེས་མ་ཐོན་རྒྱུའི་མཚམས་ལ་སླེབས་ཡོད། དེ་བཞིན་ངོས་ནས་ལ་དྭགས་ཁུལ་དུའང་འབོད་སྐུལ་བྱེད་རྒྱུ་བྱུང་། ཁྱེད་རང་ཚོ་མོན་ཁུལ་དུ་ཡིན་ནའང་རེད། བཙུན་མའི་དགོན་པ་ཚོས་ཡིན་གཅིག་མིན་གཅིག་གཞུང་ཆེན་ལྟ་རྒྱུ་ཞིག་ངེས་པར་དགོས་ཀྱི་འདུག
སྤྱིར་བཏང་ཆོས་དད་ཆ་ནས་བཤད་ན། སྐྱེས་པ་དང་བུད་མེད་གཉིས་ནས་བུད་མེད་ཀྱི་རིགས་དེ་ཆོས་དད་ཆེ་བ་ཡོད་པ་ལྟ་བུ་རེད། ལ་དྭགས་ཁུལ་ལ་ཆ་བཞག་ནའང་འདྲ། སྤྱི་ཏི་ཁུལ་ཡིན་ནའང་འདྲ། གར་ཞྭ་ཁུལ་ཡིན་ནའང་རེད། དེ་བཞིན་ཕྱི་རྒྱལ་ཁུལ་ལའང་བུད་མེད་ཀྱི་རིགས་ཆོས་དད་བྱེད་མཁན་མང་བ་ལྟ་བུ་ཞིག་འདུག འདི་གར་ཡང་ཕལ་ཆེར་མང་བ་ཡོད་ཀྱི་རེད། དེ་འདྲ་ཡིན་དུས་ཆོས་དད་བྱེད་མཁན་མང་པོ་ཡོད་སར་ཐོབ་ཐང་ཡང་ཉུང་བ་ལྟ་བུ་ཆགས་ཏེ་སློབ་སྦྱོང་གི་གོ་སྐབས་མེད་པ་ལྟ་བུ་ཆགས་པ་ཡིན་ན་ཐབས་སྐྱོ་པོ་རེད། དགེ་སློང་མའི་སྡོམ་རྒྱུན་ཟེར་རྒྱུ་དེ་ནི་ང་ཚོས་ཐག་གཅོད་ཐུབ་རྒྱུ་ཡོད་པ་མ་རེད། འདུལ་བའི་འགྲོ་སྟངས་དང་མཐུན་པ་ཞིག་དང་འདུལ་བ་འཛིན་པ་ཚོའི་ཐོག་ནས་གོ་བསྡུར་བྱས་ཏེ་གཞུང་མང་པོ་གོ་བསྡུར་ཏེ་རིམ་པས་སྡེ་པ་ཐ་དད་པ་དེ་ཚོའི་གྲས་ཕན་ཚུན་གོ་བསྡུར་བའི་ཐོག་ནས་འགྲོ་རྒྱུ་མ་གཏོགས་ང་ཚོ་བོད་པ་གཅིག་པུས་ཐག་གཅོད་ཐུབ་རྒྱུ་མི་འདུག ཡིནའང་སློབ་གཉེར་བྱེད་རྒྱུ་དེ་དགེ་འདུན་པ་གཅིག་མཚུངས་ཀྱིས་གཞུང་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་དེ་ང་ཚོའི་ལག་པར་ཡོད་པ་ཞིག་རེད། དེ་ང་ཚོ་བོད་མི་བཙན་བྱོལ་ནང་དེ་འདྲ་བྱས་ནས་སྡོད་ཀྱི་ཡོད་པ་རེད། ཧི་མ་ལའི་རི་རྒྱུད་ཀྱི་བཙུན་མའི་དགོན་པ་ཚོས་ཡིན་གཅིག་མིན་གཅིག་མཚན་ཉིད་ལ་ལྟ་དགོས་རྒྱུ་ནི་གལ་ཆེན་པོ་རེད་འདུག ཡང་༸གོང་ས་མཆོག་གིས་མང་ཚོགས་སྤྱི་ཡོངས་ནས་རིགས་ལམ་སློབ་སྦྱོང་བྱེད་ཐུབ་མིན་ཡང་གང་ལྟར་དམིགས་དཔེ་ལྟ་བུར་དགོན་པའི་སློབ་ཕྲུག་ཚོས་མཚན་ཉིད་ཀྱི་སློབ་གཉེར་བྱེད་ཐུབ་པ་ཡིན་ན། རིམ་པས་ཉེ་འཁོར་གྱི་སློབ་གྲྭ་ཁག་ཏུའང་འཕེལ་རྒྱས་འགྲོ་རྒྱུ་ཐུགས་རེ་ཡོད་སྐོར་བཀའ་སློབ་སྩལ་དོན། ལ་དྭགས་ལའང་འབོད་སྐུལ་བྱས་པ་ཡིན། མོན་པ་དང་ལ་དྭགས་ (Competition) འགྲན་བསྡུར་བྱེད་དགོས། ལ་དྭགས་སྔོན་དུ་ཕྱིན་སོང་། མོན་པ་སྔོན་དུ་ཕྱིན་སོང་ལྟ་གི་ཡིན། གང་ལྟར་ལུང་པ་ནི་འཛུགས་སྐྲུན་བྱས་ཏེ་ཡར་རྒྱས་ཞེ་དྲག་ཕྱིན་འདུག དགེ་འདུན་ཚོ་ཡང་གྲུང་རྡོག་རྡོག་ལྟ་བུ་ཞིག་ཕལ་ཆེ་ཡག་པོ་འདུག དགོན་པའི་སྲི་ཞུ་འཛིན་མཁན་གྱི་གྲས་དེ་ཚོ་ཡང་དངོས་གནས་ཡག་པོ་ཡོད་པ་ལྟ་བུ་ཞིག་འདུག བྱས་ཙང་གང་ཅིའི་ཆ་ནས་འདས་པའི་ལོ་ལྔ་བཅུ་ནང་འགྱུར་བ་ཞེ་པོ་གཅིག་ཕྱིན་འདུག་ཡར་རྒྱས་ཕྱིན་འདུག ལ་དྭགས་ལ་ཆ་བཞག་ན། འདས་པའི་ལོ་ལྔ་བཅུ་ནང་འགྱུར་བ་ཕྱིན་ཏེ་ཡར་རྒྱས་ཕྱིན་ཡོད་པ་རེད། ཁྱེད་རང་མོན་པ་ཚོ་ཡང་ཕལ་ཆེར་འདིའི་ཉེ་འཁོར་དེ་དག་གང་ཙམ་ཡག་པོ་ཡོད་པ་ལྟ་བུ་ཞིག་མཐོང་སོང་། ཁྱེད་རང་ཚོ་ཧུར་ཐག་བྱེད་ཨང་། བཀྲིས་བདེ་ལེགས། ཞེས་བཀའ་སློབ་ཟབ་མོ་ཕེབས་ཡོད་། དེ་རྗེས་རྟ་དབང་ནང་ཆོས་རིག་གཞུང་སློབ་གཉེར་ཁང་གི་མཛད་སྒོ་གྲུབ་བསྟུན་༸གོང་ས་མཆོག་གཟིམ་ཆུང་དུ་༸ཞབས་སོར་འཁོད་སྐབས་གསར་འགོད་པ་ཚོས་རྟ་དབང་གི་གནད་དོན་དང་འབྲེལ་བའི་སྐོར་ལ་དྲི་བ་ཁ་གཅིག་ཕུལ་བར་བཀའ་ལན་ཕེབས་དོན། བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ནས་ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་ནང་པའི་བསྟན་པ་འདི་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་དམིགས་བསལ་གྱི་ལས་འགན་ཡོད་སྐོར་བཀའ་སྩལ་ཡོད། ཡང་གསར་འགོད་པ་ཞིག་ནས་རྒྱ་ནག་གིས་རྟ་དབང་དེ་རྒྱ་གཞུང་གི་ཆ་ཤས་ཡིན་ཟེར་གྱི་ཡོད་པའི་གནད་དོན་ཐོག་གི་དྲི་བར་བཀའ་ལན་སྩལ་དོན། གནད་དོན་དེའི་ཐོག་ངོས་ཀྱི་ལངས་ཕྱོགས་མི་ཚང་མས་ཤེས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། ངོས་རང་ས་གནས་འདིར་ཐོག་མར་འབྱོར་སྐབས་གསལ་པོ་བཟོས་ཟིན་པ་ཡིན། ཁྱེད་རང་ཚོ་དེའི་ཐོག་སློབ་སྦྱོང་བྱེད་དགོས་པ་རེད། ཅེས་བཀའ་ལན་མཛད་ཡོད་པ་བཅས་སུ།